བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་དང་བོད་དོན་ཞུ་སྐུལ་གྱི་ལས་དོན་བྱེད་ཕྱོགས་ཀྱི་ཚོགས་འདུ་ལྡི་ལིར་ཚོགས་བཞིན་འདུག

དེ་ཡང་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་ཉིན་གྲངས་ལྔའི་རིང་གོ་སྒྲིག་ཞུས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་དང་བོད་དོན་ཞུ་སྐུལ་གྱི་ལས་དོན་བྱེད་ཀྱི་ཚོགས་འདུ་དེ་བཞིན། འདི་ཟླའི་ཚེས་༧ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་བའི་ཨོ་ཤོག་གསོལ་མགྲོན་ཁང་ནང་དབུ་འཛུགས་གནང་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་རྣམ་གཉིས། དེ་བཞིན་སྤྱི་འཐུས་ཁག་ཅིག་མཉམ་ཞུགས་གནང་འདུག
སྤྱི་འཐུས་ཚོགས་གཙོ་མཆོག་གིས་དབུ་འབྱེད་ཀྱི་གསུང་བཤད་གནང་བའི་ནང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་༢༠༢༢་ལོའི་ཕྱི་ཟླ་༩་པའི་ནང་ཧར་ཡ་ན་མངའ་སྡེར་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་གནང་སྐབས་གཙོ་བོ་གྲོས་ཚོགས་ཀྱི་ལས་དོན་གནང་ཕྱོགས་དང་།་རྒྱལ་སྤྱིའི་ནང་འབྲེལ་ལམ་གནང་ཕྱོགས། གནས་ཡུལ་རྒྱ་གར་གཙོས་ཨེ་ཤེ་ཡའི་ནང་བོད་དོན་དང་འབྲེལ་བའི་ཐོག་འབྲེལ་ལམ་བྱེད་ཕྱོགས་གཙོ་བོ་གནང་སྟེ་ཐབས་བྱུས་ལྷན་ཚོགས་འཚོགས་གནང་བ་དང་། དེ་ནས་བཞུགས་སྒར་རྡ་རམ་ས་ལར་ཐབས་བྱུས་ལྷན་ཚོགས་ཐེངས་གཉིས་པ་དེ་འཚོགས་སྐབས། བོད་ཀྱི་ལོ་རྒྱུས་དང་བོད་ནང་གི་གནས་སྟངས་གཙོ་བོ་བྱས་ཡོད། ད་རེས་རྒྱལ་ས་ལྡི་ལིར་གཙོ་བོ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཙོས་པའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་ལྷན་དུ་ཕན་ཚུན་དགོངས་ཚུལ་བརྗེ་རེས་ཀྱི་ལས་རིམ་དང་།་དེ་ཡང་གཙོ་བོ་རྒྱ་ནག་གི་ཆབ་སྲིད་ཀྱི་གནས་སྟངས་དང་འབྲེལ་བོད་དོན་སྐོར་དང་། རྒྱ་ནག་གི་ཆབ་སྲིད་འགྱུར་འགྲོས་ཀྱིས་རྒྱལ་སྤྱིའི་ནང་ཆབ་སྲིད་ཀྱི་གནས་བབ། རྒྱལ་སྤྱིའི་ནང་རྒྱ་ནག་ཐོག་ལ་སྲིད་བྱུས་འཛིན་ཕྱོགས། འཛམ་གླིང་གི་རྒྱལ་ཁབ་ཁག་གིས་བོད་དོན་ཐོག་སྲིད་ཇུས་འཛིན་སྟངས། བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་དང་ད་ལྟའི་འཆར་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཐོག་དོན་ཕན་ལྡན་པ་ཡོང་ཐབས་སུ་ག་རེ་བྱེད་དགོས་ཀྱི་ཡོད་པ་་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ལ་ལེགས་ཉེས་གང་བྱུང་ཡང་རྒྱ་གར་ལ་དེའི་བཟང་ངན་གྱི་ཤུགས་རྐྱེན་ཞིག་རང་བཞིན་གྱི་ཡོང་དུས། བོད་དེ་རྒྱ་གར་ལ་ཡང་གལ་ཆེན་པོ་ཇི་ལྟར་ཆགས་ཀྱི་ཡོད་སྐོར། རྒྱལ་སྤྱིའི་ནང་གཞུང་དང་གྲོས་ཚོགས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་བོད་དོན་སྐོར་གོ་རྟོགས་ཡོང་ཆེད་ཞུ་སྐུལ་ལས་དོན་གང་འདྲ་སྤེལ་དགོས་ཀྱི་ཡོད་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་ལྷག་དོན་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མང་གཙོའི་ལྟ་གྲུབ་གཞིར་བཟུང་ལས་དོན་གནང་ཕྱོགས་ཚགས་ཚུད་དུ་གང་འདྲ་གཏོང་དགོས་ཀྱི་ཡོད་པ་སོགས་ཀྱི་ཐད་དམིགས་ཡོད་པ་ངོ་སྤྲོད་གནང་འདུག
དེའི་རྗེས་སུ་རྒྱ་གར་གྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Sujeet Kumar)་ལགས་ཀྱིས། རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་ཇུས་སྐོར་དང་། རྒྱ་གར་གྲོས་ཚོགས་ནང་བོད་དོན་གླེང་སློང་གང་མང་ཡོང་ཐབས། ད་ལྟའི་རྒྱ་གར་དང་རྒྱ་ནག་གཉིས་བར་འབྲེལ་ལམ་གནང་ཕྱོགས། བོད་ཀྱི་གནད་དོན་འཁོད་པའི་གལ་ཆེའི་ཡིག་ཆ་ཁག་རྒྱ་གར་གྱི་སྐད་ཡིག་གང་མང་ནང་བསྒྱུར་ཏེ་གྲོས་ཚོགས་འཐུས་མི་རྣམས་ལ་འབུལ་དགོས་པ་གལ་ཆེ་ཡིན་པ། སྤྱི་ཚོགས་དྲྭ་རྒྱའི་གལ་གནད། རྒྱ་གར་ནང་བོད་དོན་ཞུ་སྐུལ་གྱི་ལས་དོན་ཡར་རྒྱས་གོང་འཕེལ་གཏོང་ཕྱོགས་སོགས་ཀྱི་ཐོག་དགོངས་ཚུལ་གསུངས་འདུག
གཞན་ཡང་ཚོགས་འདུ་དེར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་བའི་འཚེ་མེད་ཞི་བའི་ཐབས་ལམ་བསྟི་གནས་ཁང་གི་དགེ་རྩའི་མ་དངུལ་དོ་དམ་པ་(O.P Tandon)་ལགས་དང་། ལྕམ་(Rebon Banerjee Dhar)་ལགས་རྣམ་གཉིས་ནས་རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་དང་། དེའི་སྐོར་གྱི་དྲི་བར་ལན་འདེབས་གནང་འདུག་ལ། དེ་བཞིན་ལྡི་ལིར་རྟེན་གཞི་བྱས་བའི་མཁས་པའི་བསྟི་གནས་ཁང་(Observer Research Foundation)་ཡི་མཁས་པ་(Dr.Manoj Joshi)་ལགས་ཀྱིས་ཕྱི་ལོ་༢༠༢༡་ལོར་རྒྱ་ནག་གཞུང་གིས་བོད་ཐོག་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་དང་འབྲེལ་ནས་རྒྱ་གར་གྱིས་རྒྱ་ནག་ལ་འཛིན་པའི་ཐབས་བྱུས་ལ་ཤུགས་རྐྱེན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གནང་ཡོད་པ་སོགས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།