ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་འདུག

དེ་ཡང་སྤྱི་ཟླ་༡༡པའི་ཚེས་༢༠ཉིན་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་འབུམ་རམས་པ་(Dr. Hans-Gert Pottering)་ལགས་ཀྱིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་བའི་རྗེས། བཞུགས་སྒར་རྡ་རམ་ས་ལའི་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་ནས་གཟིགས་ཞིབ་གནང་ཡོད་པ་དང་། སྐབས་དེར་སྤྱི་འཐུས་ཚོགས་གཙོ་མཆོག་གི་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་ལས་བྱེད་རྣམ་པས་ཕེབས་བསུ་སྣེ་ལེན་ཞུས་གནང་བ་དང་། སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཀྱི་ལས་དོན་སྐོར་ངོ་སྤྲོད་དང་སྦྲགས། གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། རྒྱ་གར་གཞུང་དམངས་གཉིས་ཀྱི་མཐུན་འགྱུར་གནང་བ་བཅས་ལ་བརྟེན་ནས་བོད་ཀྱི་འཐབ་རྩོད་དང་། བོད་ཀྱི་ཆོས་དང་རིག་གཞུང་གསོན་པོར་གནས་ཐུབ་པའི་གནས་སྟངས་ཆགས་ཡོད་པ་དང་། དེ་བཞིན་ཆབ་སྲིད་ཀྱི་གནས་བབ་ཐོག་ལ་ཨ་རིའི་གཞུང་དང་། ཡོ་རོབ་མཐུན་ཚོགས་གཙོས་ཡོ་རོབ་རྒྱལ་ཁབ་ཁག་གིས་བོད་དོན་ཐོག་རྒྱབ་སྐྱོར་དང་། ལྷག་པར་དུ་ ཨ་རིའི་གཞུང་གིས་བོད་དོན་ཐོག་ཁྲིམས་འཆར་གཏན་འབེབས་གནང་བ་བཅས་ཀྱིས་བོད་ནང་ཡོད་པའི་བོད་མི་ཚོར་སེམས་ཤུགས་འཕར་གཞིའི་གནས་སྟངས་ཆགས་ཀྱི་ཡོད་པ་སོགས་གསུངས་འདུག
ད་དུང་སྐུ་ཞབས་(Hans-Gert Potter)་ལགས་ཀྱིས་དེ་སྔ་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་སྐབས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་གྲོས་ཚོགས་ནང་གདན་ཞུས་གནང་བ་དེ་བཞིན་བོད་མི་ཚོས་དུས་ནམ་ཡང་བརྗེད་ཐབས་མེད་པའི་སྐོར་དང་། ཡོ་རོབ་མཐུན་ཚོགས་ཀྱི་ཐོག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། སྐད་ཡིག རིག་གཞུང་དང་བཅས་པ་སྲུང་སྐྱོབ་ཐོག་ཐུགས་སྣང་ཆེན་པོ་གནང་བཞིན་ཡོད་པར་ང་ཚོས་དགའ་བསུ་ཞུ་བཞིན་ཡོད་ཅེས་དང་། རྒྱ་ནག་གཞུང་གིས་འཛུགས་བསྐྲུན་ལ་ཁ་གཡར་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་དང་། དངོས་ཡོད་གནས་ཚུལ་རྣམས་འཁྱོག་བཤད་བྱེད་བཞིན་ཡོད་སྐོར་དང་། ཡོ་རོབ་ནང་གི་བོད་དོན་ཞུ་སྐུལ་གྱི་ལས་འཆར་ཁག་གི་ཐོག་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུས་གནང་འདུག
ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་(Hans-GertPotter)་ལགས་ཀྱིས་བོད་དོན་དྲིལ་བསྒྲགས་གནང་རྒྱུ་སོགས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་དང་བཅས། ཁོང་རང་ཉིད་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་གུས་བརྩི་ཆེན་པོ་ཡོད་པ་དང་། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད་སྐོར་གསུངས་པ་སོགས་ཚོགས་དྲུང་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བའི་ནང་གསལ་འདུག
དེའི་སྔོན་འདི་ཚེས་༢༠ཉིན་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་(Dr. Hans-Gert Pottering)་ལགས་སུ་༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་མཇལ་ཁ་སྩལ་ཡོད་པ་དང་། ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ངས་ཡུན་རིང་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་འདུན་བྱས་བ་ཡིན། ༧གོང་ས་ཏཱ་ལའི་བླ་མ་ནི་ཆོས་ཕྱོགས་ནས་རེ་ལྟོས་ཆེན་པོ་འཆའ་ཡུལ་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན་པས། ད་རེས་མཇལ་ཏེ་དགའ་སྤྲོ་བྱུང་བ་གསུངས་ཡོད།
ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་མཆོག་དང་ལྷན་འཇར་མན་གྱི་ཆབ་སྲིད་སློབ་སྟོན་ལྟེ་གནས་ཞེས་པའི་ལྡི་ལི་ཁུལ་གྱི་འགན་འཛིན་(Dr.Adrain Haack)་ལགས་དང་། བྷིར་སིལ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་བཅས་མཉམ་བཅར་ཞུས་འདུག
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།