ཨ་རིའི་ཧར་ཝ་ཌི་གཙུག་ལག་སློབ་གྲྭ་ཆེན་གྱི་ཚོགས་ཆུང་ཞིག་གིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་གནང་འདུག

ཕྱི་ཟླ་བཞི་པའི་ཚེས་༡༠་ཉིན་ཨ་རིའི་ཧར་ཝ་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་(Leadership & Happiness Laboratory of Harvard Keneddy School)་འམ་འགོ་ཁྲིད་དང་བདེ་སྐྱིད་བརྟག་དཔྱད་ཁང་གི་འགན་འཛིན་སློབ་དཔོན་(Dr. Arthur C Brooks)་ལགས་ཀྱི་གཙོས་པའི་དགེ་སློབ་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་པ་དང་། སྤྱི་འཐུས་གྲོས་ཚོགས་ཀྱི་རྒྱུན་ལས་ཁང་དུ་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ཀྱིས་ཁོང་རྣམས་ལ་ཕེབས་བསུའི་སྣེ་ལེན་དང་འབྲེལ་མཇལ་འཕྲད་གནང་ཡོད་འདུག སྐབས་དེར་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ཀྱིས་བཙན་བྱོལ་ནང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་མང་གཙོའི་ལམ་ལུགས་ལྡན་པའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་ཆེད་བཙུགས་གནང་བ་བརྒྱུད། སྤྱི་འཐུས་རྣམ་པས་དེང་དུས་འཛམ་གླིང་གི་འགྲོ་ལུགས་གཞིར་བཟུང་ལས་དོན་སྤེལ་ཐུབ་པ་བྱུང་ཡོད་ལུགས་དང་། ད་བར་ཨ་མི་རི་ཀའི་གཞུང་དམངས་གཉིས་ནས་བོད་དོན་བདེན་མཐའ་སེལ་ཐབས་སུ་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་འགྱུར་རོགས་རམ་དང་། དམིགས་བསལ་ཆབ་སྲིད་ཀྱི་ཐོག་ནས་ཀྱང་གྲོས་ཚོགས་ནང་བོད་དོན་ཆེད་གྲོས་ཆོད་དང་ཁྲིམས་གཞི་རིམ་པ་གཏན་འབེབས་གནང་བ་བརྒྱུད་ནས་བོད་ཕྱི་ནང་གི་མི་མང་ཚོར་བློ་སྟོབས་སྐྱེས་གཞི་དང་རེ་བ་ཞིག་སྐྲུན་ཐུབ་པ་བྱུང་ཡོད་པར་ཐུགས་རྗེ་ཆེ་ཞུས་འདུག ད་དུང་ལོ་འདིའི་ཕྱི་ཟླ་གཉིས་པའི་ནང་ཨ་རིའི་གྲོས་ཚོགས་འོག་མའི་ནང་(Resolve Tibet Act)་འམ་བོད་རྒྱའི་རྩོད་རྙོག་སེལ་ཐབས་སྐུལ་འདེད་གཏོང་བའི་ཁྲིམས་འཆར་གཏན་འབེབས་བྱུང་ཡོད་པ་ལྟར། རིམ་པས་གྲོས་ཚོགས་གོང་མའི་ནང་དུའང་གོང་ཞུས་ཁྲིམས་འཆར་དེའི་ཐོག་གྲོས་མཐུན་ལམ་ལྷོང་ཡོང་ཐབས་སུ་གྲོས་ཚོགས་འཐུས་མི་རྣམས་ལ་ཞུ་སྐུལ་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད་འདུག གོང་ཞུས་ཁྲིམས་འཆར་དེ་ནི་རྒྱ་ནག་དང་བོད་ཀྱི་བར་གྱི་རྩོད་རྙོག་སེལ་ཐབས་སུ་ཕྱོགས་གཉིས་བར་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གྲོས་མོལ་སླར་གསོ་ཡོང་ཐབས་ཀྱི་གྲོས་འཆར་ཞིག་ཡིན་པ་རེད།
སྐབས་དེར་སློབ་དཔོན་(Dr. Arthur C Brooks)་ལགས་ཀྱིས་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་སྐབས་བཀའ་སློབ་གནང་བ་རྣམས་ལུང་འདྲེན་གནང་ནས། ཚང་མ་མཉམ་གནས་ཀྱི་ཐོག་བདེ་སྐྱིད་སྐྲུན་ཐབས་བྱེད་དགོས་པའི་གལ་གནད་སོགས་ཀྱི་སྐོར་བཀའ་མོལ་གནང་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།