ཕྱོགས་གཉིས་ཀས་མོས་མཐུན་ཐུབ་པའི་ཐབས་ལམ་ཞིག་ད་ལྟའང་རྙེད་མི་འདུག
སྐབས་བཅུ་བདུན་པའི་བོད་མི་མང་བདམས་ཐོན་སྤྱི་འཐུས་ཚོའི་བར་བཅའ་ཁྲིམས་དོན་ཚན་༤༧་པའི་གནད་དོན་ཐད་མ་མཐུན་པའི་དཀའ་རྙོག་མུ་མཐུད་དུ་གནས་མུས་རེད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཅའ་ཁྲིམས་དོན་ཚན་༤༧་གྱི་དགོངས་དོན་ལྟར་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་བཞེས་མཁན་ཟླ་བ་ཕུན་སྐྱིད་ལགས་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་བཅའ་ཁྲིམས་ཀྱི་མདུན་ནས་དམ་འབུལ་ཞུ་མཁན་རྡོ་རྗེ་ཚེ་བརྟན་ལགས་རྣམ་གཉིས་དུས་གཅིག་ཏུ་གླེང་སྟེགས་གཅིག་གི་ཐོག་གདན་ཞུ་བྱས་ནས་བགྲོ་གླེང་གནང་སྐབས། ཕྱོགས་སོ་སོས་ལངས་ཕྱོགས་དེ་ལྟར་བཟུང་བའི་དམིགས་ཡུལ་ནི་བཅའ་ཁྲིམས་སྲུང་སྐྱོབ་ཆེད་ཡིན་གསུངས་པ་དང་མཉམ། ཕྱོགས་གཉིས་ཀས་མོས་མཐུན་ཐུབ་པའི་ཐབས་ལམ་ད་ལྟའི་སྐབས་རྙེད་མེད་པ་གསལ་སྟོན་གནང་ཡོད་པ་རེད། ཕྱི་ཟླ་ ༦་ཚེས་༨་ཉིན་སྤྱི་འཐུས་གསར་པའི་དམ་འབུལ་སྐབས་རྙོག་གླེང་བྱུང་བ་ནས་བཟུང་། ཕྱོགས་གཉིས་པོའི་མི་སྣ་མཉམ་དུ་གླེང་སྟེགས་གཅིག་གི་ཐོག་བགྲོ་གླེང་གནང་པ་ད་རེས་ཐོག་མ་དེ་ཡིན་པ་རེད།
ཟླ་བ་ཕུན་སྐྱིད་ལགས་ཀྱིས། ཕྱི་ཟླ་༥་ཚེས་༢༧་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་པའི་སྲིད་སྐྱོང་གསར་རྙིང་འཕོ་ལེན་དང་དམ་འབུལ་མཛད་སྒོ་དེར་ཕྱོགས་ཚང་མས་ངོས་ལེན་གྱིས། སྐབས་༡༧་པའི་བདམས་ཐོན་སྤྱི་འཐུས་རྣམ་པས་བར་བརྒལ་ཚོགས་གཙོའི་མདུན་ནས་བཅའ་ཁྲིམས་དོན་ཚན་༤༧་པའི་དགོངས་དོན་ལྟར་དམ་འབུལ་གནང་ཡོད་ན་ལུགས་མཐུན་དང་གནང་ལམ་བདེ་པོ་ཞིག་གྱུར་ཡོད་པ་གསུངས་ཤིང་། ཡང་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། སྐབས་༡༦་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཆོད་ཡིག་ཆ་ ༣༩་པ་གཏན་འབེབས་ཐོག་ནས་འཕོ་འགྱུར་ཟིན་པའི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་རྣམས་པ་ཕྱིར་ཕེབས་གནང་བ་དེ་ཁྲིམས་ལུགས་དང་མི་མཐུན་པའི་ཆ་ནས་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་ཞུ་སྟབས་མི་བདེ་བ་ཡིན་པ་དང་། ད་དུང་ཡང་ཕྱོགས་གཉིས་ཀྱི་བར་ལ་གྲོས་མོལ་གནང་རྒྱུ་དེ་གལ་ཆེ་ཡིན་པ་གསུངས་ཡོད་པ་རེད།
ཚོུད་ཕྱེད་ཀ་ལྷག་གི་བགྲོ་གླེང་གི་ལས་རིམ་དེའི་ནང་། ཕྱོགས་གཉིས་ཀའི་ལངས་ཕྱོགས་དང་ལངས་ཕྱོགས་དེ་ལྟར་བཟུང་དགོས་པ་འགྲེལ་བརྗོད་ཞིབ་ཚགས་གནང་པ་ལས། བཅའ་ཁྲིམས་ཀྱི་དགོངས་དོན་དང་མཐུན་པའི་ཐོག་ནས་ཞི་འགྲིག་དང་མོས་མཐུན་ཡོང་རྒྱུའི་ཐབས་ལམ་མི་འདྲ་བ་ཞིག་ཡོད་པ་ཕྱོགས་གཉིས་ཀ་ནས་གང་ཡང་གསུངས་མེད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་བཅའ་ཁྲིམས་ཀྱི་མདུན་ནས་དམ་འབུལ་ཞུས་པ་དེ། བཅའ་ཁྲིམས་ཀྱི་དགོངས་དོན་དང་མཐུན་པ་ཞིག་ཡིན་མིན་བཀའ་འདྲི་ཞུས་སྐབས། རྡོ་རྗེ་ཚེ་བརྟན་ལགས་ཀྱིས། དེ་ནི་སྤྱི་འཐུས་སྐབས་བཅུ་བཞི་པའི་སྐབས། ཚོགས་གཙོ་གཉིས་ཕེབས་ལམ་བཟོས་ཏེ་སྐབས་དེ་དུས་ཀྱི་སྤྱི་འཐུས་རྣམ་པས་དེའི་སྐབས་ཀྱི་དཀའ་རྙོག་སེལ་རྒྱུར་བཅའ་ཁྲིམས་ལས་བརྒལ་བའི་ཐག་གཅོད་གནང་པ་དེ་དང་། ད་ལྟའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མདུན་དམ་བཅའ་ཕུལ་བ་དེ་གཉིས་འདྲ་མཚུངས་ཡིན་པ་གསུངས་ཡོད། འོན་ཀྱང་ཟླ་བ་ཕུན་སྐྱིད་ལགས་ཀྱིས་དེ་གཉིས་འདྲ་མཚུངས་རྩ་བ་ནས་མིན། དཔེར་ན། སྐབས་དེ་དུས་འགྱུར་བ་བཏང་མཁན་གྱི་མི་སྣ་དེ་དག་བཅའ་ཁྲིམས་༤༧་པའི་དགོངས་དོན་ལྟར་དམ་འབུལ་ཟིན་ཞིང་། དབང་ཚད་ལྡན་པའི་སྤྱི་འཐུས་རྣམ་པས་འགྱུར་བ་བཏང་པ་ཞིག་ཡིན་པ་གསལ་བཤད་ཐོག་ད་ལྟའི་གནས་སྐབས་སུ་དམ་འབུལ་གནང་མཁན་ཁག་ཅིག་བཅའ་ཁྲིམས་དགོངས་དོན་ལྟར་སྤྱི་འཐུས་ཆགས་མེད་པ་གསལ་བཤད་གནང་ཡོད་པ་རེད།
ཞིབ་ཕྲའི་བགྲོ་གླེང་གི་ལས་རིམ་དེ་ཕྱི་ཟླ་ ༦ ་ཚེས་ ༡༥ ་རྒྱ་གར་གྱི་དགོང་དྲོའི་ཚོུད་ ༨།༣༠ ཐོག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྙན་འཕྲིན་དང་རླུང་འཕྲིན། ངོ་དེབ་དང་ཡུ་ཊུབ་དྲ་ལམ་སོགས་ནས་རྒྱང་སྲིང་ཞུ་རྒྱུ་ཡིན།