བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ།
2010.10.04
༄༅༎ཁ་ས་ཕྱི་ཟླ་༡༠ཚེས་༣ཉིན་རྒྱ་བལ་འབྲུག་གསུམ་ནང་བོད་མི་གནས་འཁོད་ས་གནས་ཁག་ཏུ་མང་ཚོགས་ཀྱི་ཐད་ཀར་འོས་འདེམས་ཞུས་པའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་སྐབས་གསུམ་པ་དང༌། བོད་མི་མང་སྤྱི་འཐུས་སྐབས་༡༥པའི་སྔོན་འགྲོའི་འོས་བསྡུ་ཉིན་རྒྱ་དུས་ཅིག་ལ་གནང་ཡོད་པ་ལྟར། བལ་ཡུལ་གྱི་རྒྱལ་ས་ཀཐ་མན་དྲུའི་ནང་བལ་ཡུལ་ཉེན་རྟོག་པས་གློ་བུར་འོས་སྒམ་བཙན་འཕྲོག་བྱས་པའི་གནས་ཚུལ་ཞིག་བྱུང་ཡོད་པ་ལས། དེ་མིན་ས་ཁུལ་ཁག་ཕལ་ཆེ་བའི་ནང་འོས་བསྡུའི་ལས་དོན་གང་ལེགས་གཉེར་ཐུབ་པ་བྱུང་ཡོད་པའི་གནས་ཚུལ་ཐོན་བཞིན་འདུག།
བཙན་བྱོལ་བོད་གཞུང་གི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ནང་བཀའ་ཁྲི་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་འཕེན་གྱི་ས་ཚིགས་བཙུགས་གནང་སྟེ་སྔ་དྲོ་ཕྱག་ཚོས་༩ནས་དགོང་དྲོ་༥པའི་བར་འོས་འཕེན་གྱི་ལས་དོན་གཉེར་གནང་ཡོད་པ་མ་ཟད། གཞན་ཡང་བོད་མིའི་གཞིས་སྒར་ཁག་ཚང་མའི་ནང་འོས་བསྡུའི་ལས་དོན་གཅིག་མཚུངས་གཉེར་གནང་ཡོད་པ་རེད།
དེ་བཞིན་བྱང་ཨ་རིའི་གྲོང་ཁྱེར་དང་ས་གནས་ཁག་འགའ་ཤས་ནང་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་བྱ་རིམ་ཁག་ས་གནས་སོ་སོའི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་གནང་ཡོད་པ་རེད། བཙན་བྱོལ་བོད་གཞུང་གི་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཁང་གི་ཉེ་འགྲམ་དུ་ཡོད་པའི་ཡེ་ཤུའི་ལྷ་ཁང་ཆེན་མོ་ཞིག་ནང་ ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་དང་ནིའུ་ཇར་སི་ཁུལ་གྱི་བོད་མི་ཚོས་
ཁ་ས་འོས་འཕེན་གནང་འདུག།
བྱང་ཨ་རིའི་ཁུལ་དུ་བོད་རིགས་གནས་སྡོད་བྱ་ཡུལ་ས་གནས་ཁག་༣༠ཡོད་པ་ནས་འོས་ཤོག་དེབ་སྐྱེལ་གནང་མཁན་ཁྱོན་བསྡོམས་མི་གྲངས་༥༩༠༤བྱུང་ཡོད་པའི་ནང་ནས། ནིའུ་ཡོཀ་དང་ནིའུ་ཇར་སི་ས་གནས་ཆེ་ཤོས་ཡིན་པའི་ཆ་ནས་འོས་བསྡུ་དེབ་སྐྱེལ་གནང་མཁན་མི་གྲངས་༡༤༦༨བྱུང་ཡོད་ནའང༌། ཁ་ས་དངོས་སུ་འོས་འཕེན་གནང་མཁན་༡༡༠༠མན་ཙམ་ཞིག་བྱུང་ཡོད་པ་མ་ཟད། བྱང་ཨ་རིའི་ས་གནས་གཞན་ཁག་ནས་འོས་སྒམ་རྟགས་ཐེར་བསྐྱོན་པ་ཁག་ཕྱི་ཚེས་༥ཉིན་བྱང་ཨ་རིའི་ས་གནས་འོས་བསྡུ་ལས་ཁང་ངམ་བོད་གཞུང་དོན་གཅོད་ཁང་དུ་འབྱོར་གནང་རྒྱུ་ཡིན་སྐོར་བཙན་བྱོལ་བོད་གཞུང་གི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་གནས་ཚུལ་སྤེལ་གནང་འདུག།