ཁྲིམས་ཞིབ་པ་གསུམ་གྱིས་ལས་ཁུར་རྒྱུན་སྐྱོང་གནང་ཀྱང་སྤྱི་འཐུས་རྒྱུན་ལས་ནས་ངོས་ལེན་བྱ་ཤེས་ཐབས་མེད་པ་གསལ་བསྒྲགས་སྤེལ་འདུག
ཁྲིམས་ཞིབ་པ་གསུམ་ནས་མུ་མཐུད་དུ་ལས་ཁུར་ཟིན་པའི་གསལ་བསྒྲགས་གནང་ཀྱང་སྤྱི་འཐུས་རྒྱུན་ལས་ནས་དེ་ནི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཀྱིས་བཞག་པའི་གྲོས་ཆོད་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཡིན་པས་ངོས་ལེན་བྱ་ཤེས་ཐབས་མེད་པ་གསལ་བསྒྲགས་སྤེལ་འདུག
འདི་ཚེས་༢༤་རེས་གཟའ་ཟླ་བའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་དྲ་ལམ་ཐད་གཏོང་བརྒྱུད། དེ་སྔ་འཕོ་འགྱུར་བཏང་བའི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། ཁྲིམས་ཞིབ་པ་ཀརྨ་དགྲ་འདུལ་ལགས། ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོགས་ལགས་བཅས་གསུམ་དབུ་བཞུགས་ཐོག་གོང་ཞུས་ཁྲིམས་ཞིབ་པ་གསུམ་པོས་མུ་མཐུད་དུ་ལས་ཁུར་ཞུས་ཟིན་ཡོད་པ་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། སྐབས་དེར་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། སྤྱི་ལོ་༢༠༢༡་ལོའི་སྤྱི་ཟླ་༥་པའི་ཚེས་༢༣་ཉིན་སྐབས་༡༦་པའི་སྤྱི་འཐུས་ལས་ཐོག་གྲངས་༡༩་ནས་མཚན་རྟགས་སྡེབ་བཀོད་ཀྱི་ཕྱག་བྲིས་དང་། སྤྱི་འཐུས་ལས་ཐོག་གཉིས་ནས་ཕྱག་བྲིས་སོ་སོར་ངེད་ཅག་མིང་སྨོས་ཀྱིས་གནང་འབྱོར་བྱུང་བའི་ནང་། གྲོས་ཚོགས་ཚོགས་དུས་སྔ་མའི་སྟེང་བཞག་པའི་གྲོས་ཆོད་ཡིག་ཆ་ཨང་༣༩་པ་དེ་བཅའ་ཁྲིམས་དང་འགལ་བའི་ནོར་འཁྲུལ་ར་འཕྲོད་པའི་ཐོག་ནས་ངེད་ཅག་ལས་ཁུར་རྒྱུན་མཐུད་དགོས་པའི་རེ་འདུན་བཏོན་པ་ལྟར། སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་གྲོས་ཆོད་དེར་རྒྱབ་སྐྱོར་བྱས་ལུགས་ཀྱི་གཞི་རྩ་མེད་པ་ཆགས་ཏེ། ད་ཆ་ཁྲིམས་ཞིབ་པའི་ལས་འགན་ཕྱིར་བཤོལ་གྱི་རྐྱེན་རྩ་མེད་པ་ཆགས་པར་བརྟེན། བོད་མིའི་སྒྲིག་འཛུགས་རྒྱུན་གནས་དང་། མང་གཙོའི་ལམ་ལུགས་སྲུང་སྐྱོབ། ལྷག་དོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་བསུན་མི་འབྱུང་བ་བཅས་ཀྱི་ཆེད་དུ་ང་ཚོས་ལས་ཁུར་རྒྱུན་སྐྱོང་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་ཡོངས་ཁྱབ་གསལ་བསྒྲགས་གནང་སོང་།
འོན་ཀྱང་གོང་ཞུས་ཁྲིམས་ཞིབ་ཁང་གི་གསལ་བསྒྲགས་དེ་སྤེལ་མ་ཐག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ནས། དེ་སྔོན་ལས་འགན་བཤོལ་ཟིན་པའི་ཁྲིམས་ཞིབ་པ་ཟུར་པ་ཚོས་གསར་འགོད་གསལ་བསྒྲགས་ཀྱི་ལམ་ནས་གནད་དོན་སྣ་ཚོགས་ལ་ཁག་དཀྲིས་ཏེ་ལས་ཁུར་རྒྱུན་སྐྱོང་བྱས་ཟིན་ཡོད་པ་བཤད་པ་དེ་ནི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འགན་དབང་ལ་དོ་ཕོག་བཏང་སྟེ་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་བཞག་པའི་གྲོས་ཆོད་རྩིས་མེད་རྡོག་རོལབཏང་བ་དང་། སྤྱི་ཡོངས་མང་གཙོའི་ལམ་ལུགས་ལ་ཉམས་དམས་ཚབས་ཆེན་བཏང་བ་ཞིག་ཆགས་ཡོད་པས། བྱ་སྤྱོད་དེར་ངོས་ལེན་བྱ་ཤེས་ཐབས་མེད་པ་ཞིག་ཡིན་ནའང་། ད་ནས་བཟུང་སྟེ་སྤྱི་འཐུས་རྒྱུན་ལས་ནས་ཀྱང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་བའི་གྲོས་ཆོད་ཨང་༣༩་པའི་དགོངས་དོན་མཇུག་སྐྱོང་བྱ་ཐབས་གང་ཡང་མི་འདུག་ཅེས་བཀོད་འདུག་པ་དང་། འདི་གའི་རླུང་འཕྲིན་ཁང་ནས་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་སུ་དེ་འབྲེལ་གནད་དོན་ཐད་བཅའ་འདྲི་ཡོང་ཐབས་ཞུས་ཀྱང་། ཁོང་གིས་ཡ་ལན་གནང་མ་བྱུང་།
ཡང་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་སྟངས་ནི། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་གྲོས་ཆོད་བཞག་སྟེ་འཕོ་འགྱུར་བཏང་བ་ཞིག་ཡིན་པ་དང་། ད་རེས་ཁྲིམས་ཞིབ་པ་གསུམ་གྱིས་ལས་ཁུར་རྒྱུན་སྐྱོང་གནང་བ་དེ་ཁྲིམས་སྒྲིག་གང་གི་ཆ་རྐྱེན་འོག་ནས་ལས་ཁུར་གནང་བ་ཞིག་ཡིན་མིན་ཐད་འདི་གའི་རླུང་འཕྲིན་ཁང་ནས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་བཅར་འདྲི་ཡོང་ཐབས་ཞུས་ཀྱང་། ཁོང་གིས་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་རྗེས་གསར་འགོད་པ་བྱེ་བྲག་པ་ཞིག་ལ་ལན་འདེབས་གནང་རྒྱུའི་ལམ་སྲོལ་མེད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།
ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བ་ནས་བཟུང་ད་བར་ཟླ་བ་གཉིས་མ་ཟིན་ཙམ་འགྲོ་གི་ཡོད་པ་དང་། ད་རེས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་སླར་ཡང་ལས་ཁུར་ཟིན་པའི་གསལ་བསྒྲགས་དེའི་དོན་ཚན་གཉིས་པའི་ནང་། སྤྱི་མང་གཏུགས་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ལྟར། ཁྲིམས་ཞིབ་པ་གསུམ་ཕྱོགས་ལྷུང་གི་ཉེན་སྐྱོན་འགོག་ཆེད་ལས་འགན་ཕྱིར་བཤོལ་བྱེད་སྲོལ་ཡོད་པ་ལྟར། ཁྲིམས་ཞིབ་པའི་ལས་འགན་རེ་ཞིག་བཤོལ་བ་མ་གཏོགས། ཁྲིམས་མཐུན་མ་ཡིན་པའི་གྲོས་ཆོད་ཡིག་ཆ་ཨང་༣༩ ནང་གསལ་འཕོ་འགྱུར་ངོས་ལེན་བྱས་པ་ཞིག་མིན་ལ། ལས་འགན་རྩ་དགོངས་ཞུས་པ་ཞིག་ཀྱང་མིན་ཞེས་བཀོད་འདུག འོན་ཀྱང་། དེ་སྔོན་སྤྱི་ཟླ་གསུམ་པའི་ཚེས་༢༦ ཉིན་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཐོག་ཁྲིམས་ཞིབ་ཆེ་བ་དྭགས་པོ་བསོད་ནོར་བུ་ལགས་ཀྱིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བཞག་པའི་གྲོས་ཆོད་ལ་ང་ཚོས་རྩིས་བཀུར་དང་དང་ལེན་ཞུས་པའི་སྒོ་ནས་དགོངས་པ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
ཡང་འདི་ཚེས་༢༣ ཉིན་བོད་མི་མང་སྤྱི་འཐུས་ཚོགས་ཟུར་པདྨ་འབྱུང་གནས་ལགས་ཀྱིས་དྲ་ལམ་བརྒྱུད་ཁྲིམས་ཞིབ་པ་འཕོ་འགྱུར་དང་འབྲེལ་བའི་གསལ་བཤད་ཤིག་གནང་བའི་ནང་། སྤྱི་ལོ་༢༠༡༡ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བཅར་བཅོས་༢༥ པ་དེ་གནང་བ་ནས་བཟུང་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་རྣམས་འཕོ་འགྱུར་བཏང་བར་ངེས་པར་དུ་ཚོགས་ཆུང་འཛུགས་དགོས་རྒྱུ་གང་ཡང་མེད་ཅེས་འགྲེལ་བརྗོད་གནང་ཡོད་པ་དང་། ད་རེས་ཁོང་རང་ཉིད་ཚོགས་གཙོའི་ལས་གནས་ནས་དགོངས་པ་ཞུས་པ་དེ་ནོར་འཁྲུལ་ངོས་ལེན་བྱས་ཏེ་དགོངས་པ་ཞུས་པ་ཞིག་རྩ་བ་ནས་མིན་ཞེས་གསུངས་གནང་ཡོད་པ་རེད།
གཞན་ཡང་ཁ་སྔོན་སྤྱི་ཚེས་༡༤་ཉིན་བོད་མིའི་སྒྲིག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དྲ་ལམ་བརྒྱུད་བདམས་ཐོན་སྲིད་སྤྱི་གཉིས་ལ་འཚམས་འདྲི་གནང་ཞིང་། བཀའ་ཤིག་ངོས་ནས་སྤྱི་ཟླ་༥་པའི་ཚེས་༢༦་ཉིན་སྲིད་སྐྱོང་གསར་པའི་དམ་འབུལ་གནང་རྒྱུའི་ཐུགས་ཐག་གཅོད་ཡོད་པ་གསལ་བསྒྲགས་གནང་ཡོད་པ་རེད། འོན་ཀྱང་། ད་ཆ་གནས་སྟངས་འདྲ་མིན་གྱི་དབང་གིས་སྲིད་སྐྱོང་གསར་པའི་དམ་འབུལ་གྱི་ཚེས་གྲངས་ཁ་གསལ་མེད་པ་རེད།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་ནས་ལས་ཁུར་རྒྱུན་སྐྱོང་བྱས་ཟིན་པའི་གསལ་བསྒྲགས།