འཛམ་གླིང་གི་ཡུལ་གྲུ་གང་སར་བོད་མི་ཚོས་བོད་ཀྱི་ལོ་གསར་སྲུང་བརྩི།


2020.02.24
ལོ་སར་བཀྲ་ཤིས་བདེ་ལེགས། ལོ་སར་བཀྲ་ཤིས་བདེ་ལེགས།
RFA

འཛམ་གླིང་གི་ཡུལ་གྲུ་གང་སར་བོད་མི་ཚོས་བོད་རྒྱལ་ལོ་༢༡༤༧་བོད་ཀྱི་ལོ་གསར་རྣམ་པ་འདྲ་མིན་གྱི་སྒོ་ནས་སྲུང་བརྩི་གནང་བཞིན་འདུག
དེ་ཡང་འདི་ཚེས་༢༤་ཉིན་བོད་རྒྱལ་ལོ་༢༡༤༧་རབ་གནས་ལྕགས་བྱི་བོད་ཀྱི་ལོ་གསར་བོད་ཕྱི་ནང་གཉིས་སུ་གནས་འཁོད་བོད་མི་ཚོས་སྲུང་བརྩི་གནང་བཞིན་པ་ལྟར། རྒྱ་གར་རྡ་རམ་སཱ་ལ་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་ཀྱང་ཡིན་པ་བཅས་ལ་བརྟེན་ལོ་སར་ཚེས་གཅིག་ཉིན། བཞུགས་སྒར་རྡ་རམ་ས་ལར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་དམངས་ཚོགས་མཉམ་འཛོམས་ཀྱིས་གཞུང་འབྲེལ་མཛད་སྒོ་ཚོགས་ཡོད། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་སྔར་གྱི་ལམ་སྲོལ་བཞིན་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་འདུས་མང་ཡོངས་ནས་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་ཚེས་གཏོར་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་དང་སྲི་ཞུའི་ལས་བྱེད་རྣམས་མཉམ་ཞུགས་གནང་འདུག
ཡང་གཞུང་འབྲེལ་མཛད་སྒོའི་སྐབས་བོད་ཀྱི་ཟློས་གར་ཚོགས་པས་གླུ་གར་མཆོད་པའི་ཚུལ་དུ་གཟིགས་འབུལ་ཞུས་འདུག གཞུང་འབྲེལ་མཛད་སྒོའི་རྗེས་བོད་མི་ཚོས་གཟབ་ཆོས་སྤྲས་ནས་གཙུག་ལག་ཁང་དུ་ཆོས་མཇལ་ཞུ་བར་བཅར་བཞིན་ཕན་ཚུན་འཚམས་འདྲི་ཞུ་རེས་དང་། གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་ཞབས་པད་བརྟན་ཅིང་ཐུགས་ཀྱི་བཞེད་དོན་ལྷུན་གྱི་གྲུབ་པ་དང་བོད་མི་ནང་ཁུལ་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་ཡོང་བ། གཞེས་བྱས་བོད་མི་གང་མགྱོགས་མཉམ་འཛོམས་ཡོད་བའི་སྨོན་འདུན་ཞུ་བཞིན་ཡོད་འདུག
དེ་ལྟར་བོད་ཕྱི་ཕྱོགས་ཀྱི་བཙན་བྱོལ་བོད་མི་གནས་ཡུལ་གང་སར་རྣམ་པ་འདྲ་མིན་ཐོག་བོད་ཀྱི་ལོ་སར་གྱི་དགའ་སྟོན་ལ་རོལ་བཞིན་སྲུང་བརྩི་བྱེད་བཞིན་པ་དང་། ཨ་རི་དང་ཡོ་རོབ་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་ཡོད་པའི་བོད་མི་ཚོས་མི་དམངས་འདུ་འཛོམས་ཀྱིས་མཉམ་དུ་ལོ་སར་དགའ་སྟོན་ལ་རོལ་རྒྱུ་ལས་སེང་དང་བསྟུན་ནས་ས་ཁུལ་མང་པོ་ཞིག་ནང་གཟའ་མཇུག་ཏུ་གཏོང་འཆར་ཡོད་འདུག འོན་ཀྱང་ལོ་གསར་ཚེས་གཅིག་དང་གསུམ་ཉིན་ས་གནས་ཀྱི་ཆོས་ཚོགས་དང་སྤྱི་ཁང་སོགས་ནང་སྔར་སྲོལ་བཞིན་མཛད་སྒོ་སྟབས་བདེ་འཚོགས་བཞིན་ཡོད་པ་རེད།
ཡིན་ཡང་བོད་ནང་དུ་རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(COVID-19)་ནད་ཡམས་ཀྱི་རྐྱེན་པས། སྔར་སྲོལ་བཞིན་མི་མང་འདུ་འཛོམས་དང་། དགའ་སྟོན། ཆོས་ཕྱོགས་ཀྱི་བྱེད་སྒོ་སོགས་སྤེལ་ཐུབ་ཀྱི་མེད་པར་བརྟེན། བོད་མི་ཚོ་རང་རང་སོ་སོའི་ཁྱིམ་དུ་ནང་མི་ལྷན་འཛོམས་ཀྱིས་བོད་ཀྱི་ལོ་སར་ལ་རོལ་བཞིན་པ་བོད་ནས་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎