རྒྱ་ནག་གི་ཐད་གཏོང་མཉེན་ཆས་འཁྱུག་དབྱངས་ནང་བོད་སྐད་དང་བོད་ཡིག་བཀག་སྡོམ་བྱེད་བཞིན་པར་བོད་མི་ཚོས་སེམས་ཚབས་བྱེད་བཞིན་འདུག

2024.07.03
རྒྱ་ནག་གི་ཐད་གཏོང་མཉེན་ཆས་འཁྱུག་དབྱངས་ནང་བོད་སྐད་དང་བོད་ཡིག་བཀག་སྡོམ་བྱེད་བཞིན་པར་བོད་མི་ཚོས་སེམས་ཚབས་བྱེད་བཞིན་འདུག རྒྱ་ནག་གི་ཁ་པར་མཉེན་ཆས་འདྲ་མིན།
སྒྲིག་བཟོ། /RFA

དེ་ཡང་ཉེ་ལམ་བོད་ནང་ནས་བོད་མི་(Youga Ga)་ཞུ་བ་ཞིག་གིས་བརྙན་ཐུང་བརྒྱུད་ནས་བོད་ནང་དང་རྒྱ་ནག་ནང་དར་ཁྱབ་ཆེ་ལ་བཀོལ་སྤྱོད་ཤུགས་ཆེན་བྱེད་བཞིན་ཡོད་པའི་(Douying 抖音)་དྲྭ་རྒྱའི་ནང་བོད་མི་ཚོར་བོད་སྐད་བཀོལ་སྤྱོད་བཀག་སྡོམ་བྱེད་བཞིན་ཡོད་པའི་གནད་དོན་གླེང་སློང་གིས་སེམས་ཚབས་དང་སྦྲགས། འདོད་བློ་མི་ཁེངས་པའི་རྣམ་པ་ཤུགས་ཆེན་བསྟན་རྗེས་བོད་མི་མང་པོས་ཡང་དེའི་ཐད་སེམས་ཚབས་ཀྱིས་གླེང་སློང་བྱས་ཡོད་པ་རེད། དེ་བཞིན་དུ་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱ་མགྱོགས་འཕྲིན་(Kuaishou)་ནང་དུ་ཡང་བོད་སྐད་དང་བོད་ཡིག་བཀོལ་བར་ཚོད་འཛིན་དང་བཀག་སྡོམ་བྱེད་བཞིན་པའི་གནས་ཚུལ་སྔོན་མ་ནས་ཡོད་པ་རེད།

བོད་མི་ཁག་ཅིག་གིས་སྔ་རྗེས་སུ་བོད་མི་ཚོ་བོད་ནང་དང་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱའི་ཐོག་ཏུ་ཐོན་ནས་བོད་སྐད་བོད་ཡིག་བཀོལ་སྤྱོད་ཀྱིས་ཐད་གཏོང་བྱེད་དུས་དཀའ་ངལ་འཕྲད་བཞིན་པའི་གནད་དོན་དང་། བོད་ཡིག་བོད་སྐད་ཐོག་གི་བརྙན་དང་ཡིག་ཆ་རྣམས་ལམ་སེང་ཞིབ་བཤེར་དང་ནག་བསུབ་གཏོང་བཞིན་ཡོད་པའི་གནད་དོན་ཡོད་པ་སེམས་ཚབས་ཀྱིས་གླེང་སློང་བྱས་ཡོད་པ་རེད།
གོང་ཞུས་བོད་མི་(Youga Ga)་ཡིས་གནད་དོན་གླེང་པའི་ནང་། རྒྱ་ནག་གི་སྲིད་ཇུས་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སྲུང་སྐྱོང་བྱེད་དགོས་བ་འགན་སྲུང་ཡོད་ཅེས་བརྗོད་ནའང་། སྤྱི་ཚོགས་དྲྭ་རྒྱ་འཁྱུག་དབྱངས་(Douyin)་ནང་བོད་སྐད་བཀོལ་སྤྱོད་བཀག་སྡོམ་བྱེད་བཞིན་པའི་གནད་དོན་དེས་(Douyin)་དྲྭ་རྒྱ་འཛུགས་མཁན་(Douyin)་ཁེ་གཉེར་ལས་ཁུངས་དེ་བཞིན་གཞུང་དང་འབྲེལ་ཡོད་ལས་ཁུངས་ཁག་གི་སྲིད་བྱུས་ལམ་ལུགས་ལས་དབང་ཆ་ཆེ་བ་ཡོད་པ་བརྗོད་ཀྱི་ཡོད་དམ་ཞེས་དོགས་འདྲི་བྱས་འདུག
ཡང་ཁོང་གིས། ང་ཚོ་བོད་མི་ཚོའི་ཕ་སྐད་བེད་སྤྱོད་བྱེད་རྒྱུ་(Douyin)་ཁེ་གཉེར་ལས་ཁུངས་དེས་བཀག་བསྡོམས་བྱེད་དོན་ཅི་ཡིན་གཞི་རྩའི་དྲི་བ་དེར་ལན་རྒྱག་དགོས་པ་དང་། གཞུང་གིས་བོད་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོང་དར་སྤེལ་གཏོང་གི་ཡིན་ཞེས་བརྗོད་པ་དེ་ག་འདྲ་བྱས་ནས་སྲུང་སྐྱོང་དར་སྤེལ་གཏོང་གི་ཡོད། ང་ཚོ་བོད་མིས་བོད་ཀྱི་ཐོག་ཏུ་བོད་སྐད་མ་བཤད་ན་ག་བ་འགྲོ་དགོས་ཀྱི་རེད། ས་གནས་གཞུང་དང་འབྲེལ་ཡོད་ལས་ཁུངས་ཁག་གིས་དྲྭ་ཐོག་གི་ཚོང་བསྒྱུར་ལ་རྒྱབ་སྐྱོར་དང་སྒྲིག་གཞི་སོགས་གཏན་འབེབས་ཀྱིས་ལག་བསྟར་བྱེད་ཀྱི་འདུག་པས་དེ་ཚོ་(Douyin)་ལས་ཁུངས་ལས་དབང་ཆ་ཆེ་བ་ཡིན་པ་མིན། མི་རིགས་ཚང་མ་འདྲ་མཉམ་ཡིན་པ་བརྗོད་ཀྱི་ཡོད་ན་བོད་སྐད་བཀག་བསྡོམས་བྱེད་དོན་ཅི་ཡིན་ཞེས་བརྗོད་འདུག
ཡང་ཁོང་གིས་བོད་མི་མང་པོ་ཞིག་(Douyin)་བརྒྱུད་ཐད་གཏོང་ལ་བརྟེན་ནས་འཚོ་ཐབས་བྱེད་བཞིན་ཡོད་པས། གལ་སྲིད་བོད་མི་ཚོར་བོད་སྐད་བོད་ཡིག་བེད་སྤྱོད་བྱེད་འཇུག་གི་མེད་ན། ང་ཚོས་དངུལ་བསྡུ་རུབ་ཀྱིས་ཁ་མཆུ་རྒྱག་གི་ཡིན་ཞེས་མུ་མཐུད་དུ་བརྗོད་འདུག
བོད་དང་རྒྱལ་སྤྱིའི་གནས་ཚུལ་ལ་དོ་སྣང་ཤུགས་ཆེན་བྱེད་མཁན་དང་དྲ་ཐོག་ཏུ་གནས་ཚུལ་སྤེལ་མཁན་ས་དཀར་བཀྲ་ཤིས་ལགས་ཀྱིས། གོང་ཞུས་བོད་ནང་གི་དྲྭ་ཐོག་ཏུ་བོད་སྐད་བོད་ཡིག་བཀོལ་ཆོག་གི་མེད་པའི་གནད་དོན་དེ་ནི་མདོར་བསྡུསན་བོད་མི་རྒྱ་བསྒྱུར་གྱི་རྒྱ་ནག་གཞུང་གི་སྲིད་བྱུས་ཀྱི་ཆ་ཤས་ཡིན་པར་ངོས་འཛིན་གྱི་འདུག
སྤྱི་ཚོགས་དྲྭ་རྒྱ་(Douyin)་ཟེར་བ་སྤྱི་ལོ་༢༠༡༦་ལོའི་ཟླ་༩་བའི་ནང་སྒོ་འབྱེད་བྱས་པ་དང་། བོད་དང་རྒྱ་ནག་བཅས་ཀྱི་ནང་བཀོལ་སྤྱོད་བྱེད་མཁན་ས་ཡ་༧༠༠་ལྷག་ཡོད་པའི་ཁར། ཚོང་ལས་བྱེད་སའི་སྡིངས་ཆ་གལ་ཆེ་ཞིག་ཆགས་ནས་དེང་སང་བོད་ནང་གི་བོད་མི་ཚོང་པ་དང་། སྤྱི་ཚོགས་ལས་རིགས་གཉེར་མཁན། སྨན་པ། གྲྭ་བཙུན་བཅས་ནས་བེད་སྤྱོད་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གི་ཕྱི་ཕྱོགས་སུ་(Douyin)་མ་ལག་ལ་(TikTok)་ཞེས་ལོགས་སུ་གཏོང་བཞིན་པ་དང་། ཉེ་ལམ་སྤྱི་ཟླ་༣པའི་ནང་ཨ་རིའི་གྲོས་ཚོགས་འོག་མའི་ནང་རྒྱ་ནག་གི་འཁྱུག་དབྱངས་(TikTok)་མཉེན་ཆས་བཀག་སྡོམ་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཐོབ་ཡོད་པ་རེད།
རྒྱ་ནག་གི་(Douyin)་དྲྭ་རྒྱའི་ཐོག་བོད་སྐད་བཀོལ་སྤྱོད་མི་ཆོག་པའི་གནད་དོན་འདིའི་ཐད། བོད་ནང་གི་བོད་མི་བུད་མེད་ཞིག་གིས་(Douyin)་ཐད་གཏོང་སྐབས་བོད་སྐད་བཀོལ་སྤྱོད་བྱས་པར་བཀག་སྡོམ་བྱེད་བཞིན་འདུག་པས་བོད་མི་མང་པོའི་འཚོ་བར་ཤུགས་རྐྱེན་ཐེབས་ཀྱི་འདུག་ལ། འབྲེལ་ཡོད་ལས་ཁུངས་ཁག་ནས་བོད་སྐད་ཤོད་བཅུག་པ་བཟོ་རོགས་ཞེས་འབོད་སྐུལ་ཞུས་པའི་བརྙན་ཐུང་ཞིག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལག་སོན་བྱུང་ཡོད།
གཞན་ཡང་བོད་ལྷོ་ཁ་ནས་ཡིན་པའི་བོད་མི་ཕོ་གསར་ཞིག་གིས་ཀྱང་། བོད་མི་མང་པོས་(Douyin)་ཐད་གཏོང་བརྒྱུད་བོད་སྐད་བཀག་འགོག་བྱས་ཡོད་པ་བརྗོད་སོང་བས་ཁོང་གིས་གནས་ཚུལ་དེ་བདེན་མིན་རྩད་གཅོད་གཏོང་དུས་གནས་ཚུལ་བདེན་པ་ཡིན་པ་ར་སྤྲོད་བྱུང་སོང་པས། འབྲེལ་ཡོད་ལས་ཁུངས་ཁག་དེ་དག་གིས་བོད་མིས་རང་གི་བོད་མི་རིགས་ཀྱི་སྐད་ཡིག་ཐོག་ལ་ཐད་གཏོང་བྱེད་མི་ཆོག་པའི་རྒྱུ་མཚན་གང་ཡིན་དེའི་ཐད་ཀྱི་འོས་འགན་ཤུགས་ཆེན་ཡོད་པ་དང་། ཡང་མིན་ན་(Douyin)་ཟེར་བ་དེ་འདྲ་རྩ་ནས་མེད་པ་བཟོ་ན་སུ་གང་ཡང་དེའི་སྟེང་དུ་ཐོན་ཡོང་གི་མ་རེད། གང་ལྟར་བྱེད་སྟངས་དེ་ནི་ཡག་པོ་མ་རེད་ཅེས་སྐྱོན་བརྗོད་བྱས་པའི་བརྙན་ཐུང་ཞིག་ཀྱང་ལག་སོན་བྱུང་ཡོད།
དེ་མིན་ཡང་བོད་མི་སྨན་པ་ཞིག་གིས་ཁོང་དྲྭ་ཐོག་བརྒྱུད་ནས་ནད་པ་ལྟ་བཞིན་སྐབས། བོད་སྐད་བཀོལ་མི་ཆོག་པར་རྒྱ་སྐད་བཀོལ་དགོས་བྱུང་བར་བོད་མི་ནད་པ་མང་པོ་ཞིག་གིས་བོད་སྐད་མ་གཏོགས་གོ་གི་མེད་པས་གོ་བརྡ་མི་འཕྲོད་པའི་དཀའ་ངལ་ཡོད་པའི་གནས་ཚུལ་དང་། དེ་མིན་ཡང་བོད་མི་ཞིག་གིས་དེང་སང་དྲྭ་རྒྱ་བེད་སྤྱོད་ཀྱིས་མདོ་དབུས་ཁམས་གསུམ་ནས་དགེ་བཤེས་དང་ཆེད་མཁས་བ་གདན་ཞུས་ཀྱིས་བསམ་ཚུལ་བརྗེ་ལེན་ཀྱི་སྡིངས་ཆ་སྐྲུན་ཆོག་གི་ཡོད་ནའང་། བོད་སྐད་བཀོལ་ཆོག་གི་མེད་པ་དེས་ལས་དོན་སྒྲུབ་ཐུབ་རྒྱུར་དཀའ་ངལ་ཡོད་པ་བརྗོད་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དྲྭ་ཐོག་ཏུ་གནས་ཚུལ་སྤེལ་འདུག ལྟེ་གནས་ཁང་དེའི་ཉམས་ཞིབ་པ་ངག་དབང་ལུང་རྟོགས་ལགས་ཀྱིས་སྐད་ཡིག་ནི་གང་ཟག་ཅིག་གི་རིག་གཞུང་གི་ངོ་བོ་ལྡན་པའི་ཁྱད་ཆོས་གལ་ཆེ་ཞིག་ཡིན་པ་དང་། བོད་མི་རིགས་ཀྱིས་བོད་སྐད་བེད་སྤྱོད་ཆོག་གི་མེད་ཚུལ་བརྗོད་པ་དེ་ནི་བོད་མི་ཚོས་བོད་ཀྱི་ངོ་བོ་སྲུང་སྐྱོང་བྱེད་རྒྱུར་རྒྱ་ནག་གཞུང་གིས་ནུས་ལྡན་སྒོ་ནས་ངོས་ལེན་མེད་པའི་རྣམ་པ་སྟོན་གྱི་ཡོད་པ་རེད་ཅེས་བརྗོད་འདུག
ཡིན་ན་ཡང་བོད་ཕྱི་ཕྱོགས་སུ་འཛམ་གླིང་གི་འཚོལ་བཤེར་དྲྭ་རྒྱ་ཆེ་གྲས་ཨ་རིའི་(Google)་གྷུ་གྷལ་དྲྭ་རྒྱའི་ཡིག་སྒྱུར་མ་ལག་ནང་། འཛམ་གླིང་གི་སྤྱོད་སྒོ་ཆེ་བའི་སྐད་རིགས་མི་འདྲ་བ་༡༠༩ཡོད་པའི་གྲས་སུ་ཉེ་ལམ་ནས་བོད་ཡིག་ཀྱང་གསར་འཇུག་གནང་ཡོད་པ་དེར་བོད་མི་མང་པོས་དགའ་བསུ་བྱེད་བཞིན་པ་རེད།

གསར་འགོད་པ། ཆོས་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎