རྒྱ་ནག་གཞུང་གིས་དེང་སྐབས་ཐད་གཏོང་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་སྐད་དང་བོད་ཡིག་ལ་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་དེ་སྔ་ནས་བོད་ནང་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་མི་ཚོར་གནས་ཚུལ་ཅི་སྤེལ་དང་ཕྱི་ཕྱོགས་སུ་འབྲེལ་འདྲིས་བྱེད་རིགས་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་ཡོངས་གྲགས་ལྟ་བུ་ཆགས་ཡོད་ན་ཡང་། འདི་ལོ་ནས་བཟུང་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་མགྱོགས་འཕྲིན་ཐད་གཏོང་བྱེད་ཡུལ་དང་། པཱ་ཏོ་ཟེར་བ་སོགས་ཀྱི་ནང་བོད་མི་ཚོས་ཐད་གཏོང་བྱེད་སྐབས་རྒྱ་སྐད་གཙོ་འདོན་དགོས་པ་དང་། མི་སྒེར་གྱི་རིག་རྩལ་འཁྲབ་སྟོན་སོགས་སྤེལ་སྐབས། ཡུལ་སྲོལ་ཆོས་གོས་ཤུགས་ཆེར་གྱོན་པ་ཡིན་ན། ཐད་སྟོང་དྲ་ལམ་སྒོ་བརྒྱབ་སྟེ་གཏན་མེད་བཟོ་བཞིན་པ་སོགས་བྱུང་གི་ཡོད་སྐོར། འབྲེལ་ཡོད་བོད་ནང་གི་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཉེ་སྔོན་རང་བོད་ནང་གི་གྲགས་ཆེ་བའི་བོད་མི་གླུ་གཞས་སྒྱུ་རྩལ་བ་གྲགས་ཅན་ཀུན་དགའ་དང་བཀྲ་ཤིས་ཉི་མ་གཉིས་ནས་དྲ་ལམ་ཐད་གཏོང་བྱེད་སྐབས། བོད་སྐད་མང་པོ་བཤད་པ་ཡིན་ན་ཐད་གཏོང་དྲ་ལམ་སྒོ་བརྒྱབ་ཀྱི་ཡོད་སྟབས། རྒྱ་སྐད་མ་བཤད་ན་འགྲིག་གི་མེད་པའི་བགྲོ་གླེང་བྱས་ཡོད་པ་བོད་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་གླེང་སློང་ཤུགས་ཆེར་བྱས་སོང་ལ། གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་སྤྱིར་མགྱོགས་འཕྲིན་ཐད་གཏོང་ནང་བོད་སྐད་མི་བཤད་པ་དང་། དྲ་ལམ་དུ་བླ་མ་ཚོའི་པར་རིས་དང་ཆོས་ལུགས་བྱེད་སྒོ་རིགས་མང་པོ་སྤེལ་བ་ཡིན་སྒོ་བརྒྱབ་བཞིན་ཡོད་སྐོར་བརྗོད་བྱུང་ལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཕན་ཐོགས་ལགས་ནས། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་༣ཚེས་༡ནས་བཟུང་དྲ་ལམ་དམ་དྲག་གི་ཁྲིམས་ལུགས་དངོས་སུ་ལག་བསྟར་བྱེད་མགོ་ཚུགས་ཡོད་པ་དང་། གཙོ་བོ་བོད་མི་ཚོས་གནས་ཚུལ་སྤེལ་བ་ཁག་དམ་དྲག་དང་བཀག་བསྡོམས་བྱེད་དོན། རྒྱ་ནག་གཞུང་འབྲེལ་དྲིལ་བསྒྲགས་བོད་མི་ཚོས་དྲ་ལམ་ཁག་ཏུ་སྤེལ་བཞིན་པ་སོགས་ལྡོག་ཕྱོགས་ལྟ་བུ་ཆགས་ཡོད་པས་ཡིན་སྐོར་བརྗོད་བྱུང་།
དཔེ་མཚོན་ཙམ་ལ་འདི་ལོའི་ལོ་མགོ་ཙམ་ལ་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་གོས་གྱོན་ནས་བརྙན་མང་པོ་དྲ་ལམ་དུ་སྤེལ་བས་ཐད་གཏོང་དྲ་ལམ་ལ་ཚོད་འཛིན་བྱས་པས། ཁམས་རྟའུ་ནས་ཡིན་པའི་བོད་རིགས་ན་གཞོན་ཞིག་གིས་རྒྱ་ནག་མགྱོགས་འཕྲིན་ཚོས་ལས་ཁང་ལ་བརྙན་ལམ་ཞུ་གཏུག་ཐེངས་འགར་བྱས་སོང་ལ།དེ་བཞིན་མཚོ་སྔོན་འབའ་རྫོང་ནས་ཡིན་པའི་བོད་མི་ཞིག་ནས་སྐད་འཕྲིན་བརྒྱུད་མགྱོགས་འཕྲིན་ཐད་གཏོང་གིས་བོད་ཡིག་བོད་སྐད་བཀག་འགོག་བྱེད་བཞིན་པར་ཞུ་གཏུག་གི་མཚན་རྟགས་བསྡུ་རུབ་སོགས་བྱས་སོང་ལ། གཞན་ཡང་བོད་མི་ཞིག་གིས་མགྱོགས་འཕྲིན་ཐད་གཏོང་ཁང་གིས་རྒྱ་སྐད་རྐྱང་བཤད་མཁན་ཚོར་བཀག་འགོག་མེད་པར། བོད་མི་ཚོས་བོད་བཤད་ན་བཀག་འགོག་བཞིན་བཞིན་པ་མ་ཟད་ཞུ་གཏུག་ག་ཚོད་བྱས་ཀྱང་ཡ་ལན་མེད་པ་སོགས་ཀྱི་སྐོར་ནས་བརྙན་ལམ་བརྒྱུད་སྐད་ཆ་བཤད་པ་སོགས་བྱུང་སོང་།
གཞན་ཡང་དེ་འབྲེལ་གནས་ཚུལ་སྐོར་ལ་ཨ་རི་གནས་བཞུགས་བོད་ཀྱི་ཁྲིམས་གླེང་འགན་འཛིན་སྒྲོལ་མ་སྐྱབས་ལགས་ནས། དེ་སྔ་ནས་རྒྱ་ནག་གི་མགྱོགས་འཕྲིན་དང་ཏའོ་ཡན་སོགས་ཀྱིས་བོད་སྐད་དང་བོད་ཡིག་བཀག་འགོག་བྱེད་བཞིན་པའི་ཐད། རྒྱ་ནག་གཞུང་གི་རྩ་ཁྲིམས་གཞིར་བཟུང་བོད་མི་ཚོས་ཞུ་གཏུག་ག་འདྲ་དགོས་པའི་རྩོམ་ཡིག་ཅིག་སྤེལ་བཞིན་ཡོད་པའི་ནང་། མགྱོགས་འཕྲིན་ལ་སོགས་པའི་བརྡ་འཕྲིན་སྡིང་ཆ་ཁག་གིས་བོད་སྐད་ཡིག་བཀོལ་སྤྱོད་བྱེད་པ་ལ་ཁྲིམས་འགལ་གྱི་བཀག་སྡོམ་སྣ་ཚོགས་བྱས་དང་བྱེད་བཞིན་ཡོད་ཙང་། རང་རིགས་ཀྱི་ལྷག་བསམ་ཅན་ཁ་ཤས་ཀྱིས་ཞུ་མཆིད་བྲིས་པའམ་གོང་རིམ་ལས་ཁུངས་སོགས་ལ་བསམ་འཆར་འདོན་བཞིན་ཡོད་པས།མི་མང་པོས་རང་གི་ས་གནས་ཁྲིམས་ཁང་ཁག་ལ་ཞུ་གཏུག་བྱས་པ་ཡིན་ན། མགྱོགས་འཕྲིན་གྱིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་མཐོང་ཆུང་ཁྱད་གསོད་ཀྱི་མགོ་གནོན་པར་དོན་ཕན་ཡོད་སྐོར་བཀོད་པ་ཡེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་མཁོ་སྤྲོད་གནང་སོང་།
རྒྱ་ནག་གཞུང་གིས་བོད་སྐད་ཡིག་གཙོའི་གྲངས་ཉུང་མི་རིགས་ཁག་གི་སྐད་ཡིག་ཁག་ལ་དྲ་ལམ་དང་དངོས་ཤུགས་བརྒྱུད་གསུམ་ནས་དམ་དྲག་དང་ཚོད་འཛིན་རིམ་པར་བྱེད་བཞིན་ཡོད་པ་བཞིན། སྔར་ལོའི་ཕྱི་ཟླ་༡༡ནང་རྒྱ་ནག་ནང་དུ་བཀོལ་སྤྱོད་ཆེ་བའི་སྐད་ཡིག་མཉེན་ཆས་Talkmateདང་Bilibiliཞེས་པ་གཉིས་ཀྱི་ནང་ནས་བོད་ཡིག་དང་ཡུ་གུར་སྐད་ཡིག་བཀོལ་སྤྱོད་བཀག་སྡོམ་བྱས་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།