ཨ་རིའི་གྲོས་ཚོགས་འོག་མའི་ནང་རྒྱ་ནག་གི་འཁྱུག་དབྱངས་(TikTok)་མཉེན་ཆས་བཀག་སྡོམ་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཐོབ་འདུག

འདི་ཚེས་༡༣་ཉིན་རྒྱ་ནག་གི་འཁྱུག་དབྱངས་(TikTok)་ཞེས་བའི་སྤྱི་ཚོགས་དྲྭ་ལམ་གྱི་མཉེན་ཆས་ཨ་རིའི་ནང་བཀག་སྡོམ་བྱེད་རྒྱུའི་ཁྲིམས་འཆར་ལ་ཨ་རིའི་གྲོས་ཚོགས་འོག་མའི་ནང་རྒྱབ་སྐྱོར་ཐོབ་ཡོད་པ་དང་། ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཨ་རི་དང་རྒྱ་ནག་གི་ཐབས་ཇུས་ཚོགས་ཆུང་གི་ཚོགས་གཙོ་དང་། གྲོས་ཆོད་དེ་ཐོག་མར་ངོ་སྤྲོད་གནང་མཁན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་བཙུགས་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་(Mike Gallagher)་ལགས་ཀྱིས། རྒྱ་ནག་གི་འཁྱུག་དབྱངས་(TikTok)་ཞེས་བའི་སྤྱི་ཚོགས་དྲྭ་ལམ་གྱི་མཉེན་ཆས་དེ་ཨ་རིའི་ནང་བཀག་སྡོམ་བྱེད་དགོས་དོན་ནི། འཁྱུག་དབྱངས་(TikTok)་ཞེས་བའི་སྤྱི་ཚོགས་དྲྭ་ལམ་གྱི་མཉེན་ཆས་དང་རྒྱ་ནག་དམར་ཤོག་གཞུང་བར་ཐད་ཀར་འབྲེལ་བ་ཡོད་པ་དང་། དེས་ཨ་རི་རྒྱལ་ཁབ་དང་མཉེན་ཆས་བེད་སྤྱོད་བྱེད་མཁན་ཨ་རིའི་མི་སེར་བཅས་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པར་ངོས་འཛིན་བྱེད་བཞིན་པ་ད་རེས་གྲོས་ཆོད་དེ་ལ་རྒྱབ་སྐྱོབ་ཐོབ་སྐབས་གསུངས་ཡོད་པ་རེད།
འཁྱུག་དབྱངས་(tiktok)་ཞེས་བའི་སྤྱི་ཚོགས་དྲྭ་ལམ་གྱི་མཉེན་ཆས་བཀག་སྡོམ་གྱི་ཁྲིམས་འཆར་དེ་དངོས་སུ་ཁྲིམས་ལ་གཏན་འབེབས་བྱུང་ཚེ། རྒྱ་ནག་གི་(TikTok)་ཞེས་བའི་མཉེན་ཆས་སྤྱིན་བདག་རྒྱ་ནག་གི་བཟོ་ཚོང་ཁང་(ByteDance)་མ་ཡིན་པ་ཞིག་ལ་ཟླ་དྲུག་ནང་ཚུད་བསྒྱུར་དགོས་ཀྱི་ཡོད་པ་དང་། དེ་ལྟར་མ་བྱས་ཚེ་མཉེན་ཆས་དེ་ཨ་རིའི་ནང་བཀག་སྡོམ་བྱེད་ཀྱི་ཡོད་པ་རེད།

ད་ལྟ་ཨ་རིའི་གྲོས་ཚོགས་འོག་མའི་ནང་རྒྱ་ནག་གི་འཁྱུག་དབྱངས་(TikTok)་མཉེན་ཆས་བཀག་སྡོམ་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཐོབ་པ་བཞིན་ལམ་ལུགས་ལྟར་ཨ་རིའི་གྲོས་ཚོགས་གོང་མའི་ནང་རྒྱབ་སྐྱོར་ཐོབ་པ་ཡིན་ན་ཨ་རིའི་སྲིད་འཛིན་(Biden)་མཆོག་གིས་དེ་ཁྲིམས་ལ་འགྱུར་བར་མཚན་རྟགས་སྐྱོན་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
འདི་ཚེས་༡༢ཉིན་རྒྱ་ནག་གི་འཁྱུག་དབྱངས་(TikTok)་ཞེས་བའི་སྤྱི་ཚོགས་དྲྭ་ལམ་གྱི་མཉེན་ཆས་ཨ་རིའི་ནང་བཀག་སྡོམ་བྱེད་དགོས་བ་དང་འབྲེལ་ཨ་རིའི་གྲོས་ཚོགས་མདུན་གསར་འགོད་ལྷན་ཚོགས་ཞིག་བསྐོང་སྐབས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྐུ་ཚབ་ལ་འཆི་མེད་ལྷ་མོ་ལགས་ཕེབས་ཡོད་པ་དང་། ཁོང་མོས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐབས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིར་དམ་དྲག་སྟངས་འཛིན་བྱེད་པར་སྤྱི་ཚོགས་དྲྭ་ལམ་མཉེན་ཆས་(TikTok)་བེད་སྤྱོད་ཀྱིས་སྔོག་བཤེར་དང་ཞིབ་བཤེར་ནན་མོ་བྱེད་བཞིན་པ་གསུངས་འདུག
བོད་དོན་ལས་འགུལ་བསྟི་གནས་ཁང་གི་དྲྭ་རྒྱའི་བདེ་འཇགས་འགན་འཛིན་སྲི་ཐར་བློ་བཟང་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཨ་རིའི་ཁྲིམས་འཆར་དེ་གཏན་འབེབས་བྱུང་ཚེ་རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གིས་བཙན་ཤེད་ཀྱི་ཐབས་ལམ་བེད་སྤྱོད་གཏོང་བཞིན་པའི་བྱ་སྤྱོད་ཁག་ལ་དོ་སྣང་སླེབས་རྒྱུ་ཡིན་ན་ཡང་། བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གིས་བཟོས་པའི་ཏུའུ་ཡུན་(TikTok)་མཉེན་ཆས་བེད་སྤྱོད་གཏོང་གི་ཡོད་ཀྱང་དེ་ལ་རྒྱ་ནག་གཞུང་གིས་དེ་སྔ་ནས་ཞིབ་བཤེར་དམ་དྲག་ཡོད་ཡོད་པ་རེད་ཅེས་གསུངས་བྱུང་།
དེ་སྔ་༢༠༢༠་ལོར་རྒྱ་གར་གཞུང་གིས་རྒྱལ་ཁབ་དང་མི་སེར་གྱི་བདེ་འཇགས་སོགས་ལ་དམིགས་ནས་(TikTok)་མཉེན་ཆས་དང་སྐད་འཕྲིན་སོགས་གཙོས་རྒྱ་ནག་གི་མཉེན་ཆས་༢༥༠ལྷག་བཀག་སྡོམ་བྱས་ཡོད་པ་རེད།
འཁྱུག་དབྱངས་(TikTok)་མཉེན་ཆས་དེ་༢༠༡༦ལོར་ཐོག་མར་རྒྱ་ནག་ནང་རྒྱ་སྐད་ལ་ཏུའུ་ཡུན་ཞེས་བཏོན་པ་དང་རིམ་པས་ཕྱིའི་རྒྱལ་ཁབ་ཁག་ནང་དར་ཁྱབ་ཕྱིན་ནས་ད་ཆ་བེད་སྤྱོད་བྱེད་མཁན་ས་ཡ་མང་པོ་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།