ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་རྒྱ་ནག་གི་མཉེན་ཆས་འགོག་དགོས་པར་མང་མོས་བྱུང་འདུག

2023.03.02
ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་རྒྱ་ནག་གི་མཉེན་ཆས་འགོག་དགོས་པར་མང་མོས་བྱུང་འདུག རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱའི་མཉེན་ཆས་(TikTok)
སྒྲིག་བཟོ།/REUTERS

དེ་ཡང་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འཐུས་མི་རྣམས་ཀྱིས་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱའི་མཉེན་ཆས་(TikTok)་ཁྲིམས་མཐུན་གྱིས་བཀག་སྡོམ་བྱེད་མིན་ཐད་འོས་བསྡུ་གནང་སྐབས། འཐུས་མི་༢༤ཡིས་དེར་རྒྱབ་སྐྱོར་དང་འཐུས་མི་༡༦གིས་དེར་མོས་མཐུན་བྱས་མེད་པ་རོཡེ་ཊར་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་འདུག ཁྲིམས་འཆར་དེ་བཏོན་གནང་མཁན་ནི་ཚོགས་ཆུང་དེའི་ཚོགས་གཙོ་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Michael McCaul)་ལགས་ཡིན་པ་དང་། ཁོང་ནི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བཏོན་མཁན་དང་། དེ་མིན་བོད་དོན་དང་འབྲེལ་ཨ་རིའི་གྲོས་ཚོགས་ནང་གྲོས་ཆོད་དང་ཁྲིམས་འཆར་ཁག་ལ་རྒྱབ་སྐྱོར་གནང་མཁན་གྱི་གནད་ཡོད་དཔོན་རིགས་ཤིག་ཡིན་པ་རེད།
ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱའི་གཉེན་ཆས་(TikTok)་དེ་བཞིན་བཀག་འགོག་བྱེད་རྒྱུ་སྔ་ལོའི་ལོ་མཇུག་ཏུ་ཨ་རིའི་གྲོས་ཚོགས་སུ་གྲོས་ཆོད་གཏན་འབེབས་གནང་ཡོད། དེ་བས་ཨ་རིའི་གཞུང་གི་ལས་བྱེད་པ་ཚོས་གཞུང་གི་ཡོ་ཆས་ཁག་གི་ནང་གཉེན་ཆས་(TikTok)་བེད་སྤྱོད་བྱེད་རྒྱུ་མཚམས་འཇོག་བྱེད་རྒྱུའི་གྲོས་ཆོད་གཏན་འབེབས་གནང་ཡོད་ལ། ད་རེས་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་མང་མོས་ཐོག་ནས་ཨ་རིའི་སྲིད་འཛིན་(Biden)་མཆོག་གིས་མཉེན་ཆས་དེ་བཀག་སྡོམ་བྱེད་ཆོག་པ་ཁྲིམས་མཐུན་གྱི་དབང་ཚད་གནང་ཡོད་པ་རེད།
དེ་ལྟར་གནང་དགོས་དོན་ནི། ཨ་རིའི་ནང་རྒྱ་ནག་གི་མཉེན་ཆས་དེ་དང་གཞན་བེད་སྤྱོད་གཏོང་མི་ས་ཡ་༡༠༠ལྷག་ཙམ་ཡོད་པ་དེ་དག་གི་མི་སྒེར་གྱི་བདེ་འཇགས་ཐད་ཉེན་ཚབས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
ཨ་རིའི་དམངས་གཙོ་ཚོགས་པའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འཐུས་མི་རྣམས་ཀྱིས་གྲོས་འཆར་དེ་ལ་ངོ་རྒོལ་གནང་ཡོད་པ་རེད་འདུག། གྲོས་འཆར་འདི་བཞིན་ཁྲིམས་སུ་ལག་བསྟར་གཏན་འབེབས་གནང་རྒྱུར་ཨ་རིའི་སྲིད་འཛིན་མཆོག་གིས་མཚན་རྟགས་བཀོད་གནང་དགོས་པ་དེའི་གོང་ལ། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་འོས་བསྡུའི་ཆེད་དུ་གཏོང་དགོས་ཀྱི་ཡོད་པ་དང་། ཨ་རིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Michael McCaul)་ལགས་ཀྱིས། ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་(TikTok)་དང་འབྲེལ་བའི་གནད་དོན་ཐད་འོས་བསྡུ་བྱས་ཚར་བའི་རྗེས་སུ་གྲོས་འཆར་དེ་ཟླ་བ་འདིའི་ནང་གང་མགྱོགས་ཨ་རིའི་གྲོས་ཚོགས་ཚང་འཛོམས་ཀྱི་ཐོག་འདོན་ཐུབ་པའི་ཐུགས་རེ་གནང་གི་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག ཡིན་ན་ཡང་ཨ་རིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ནང་ཡོད་པའི་ཨ་རིའི་དམངས་གཙོ་ཚོགས་པའི་འགོ་ཁྲིད་(Gregory Meeks)་ལགས་ཀྱིས་ཁོང་གིས་གྲོས་འཆར་དེར་མཐའ་ཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པ་བརྗོད་པ་དང་། གྲོས་འཆར་དེའི་ཐོག་ནས་ང་ཚོར་འཛམ་གླིང་ནང་རྒྱབ་སྐྱོར་ཐོབ་རྒྱུར་གནོད་སྐྱོན་ཡོང་རྒྱུ་དང་ཨ་རིའི་ནང་ལས་ཀའི་གོ་སྐབས་ལ་གནོད་པ། ང་ཚོ་ཨ་རིའི་ཚོང་དོན་དང་གཞི་རྩའི་རིན་ཐང་སྨྲ་བརྗོད་རང་དབང་བཅས་ཀྱང་ཉམ་ཆག་འགྲོ་ཉེན་ཡོད་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་ཡོད་འདུག།


གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎