ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་བའི་ཐད་གྲོས་ཚོགས་ཀྱི་ངོས་ནས་གདོང་ལེན་གནང་ཕྱོགས་ཐད་བགྲོ་གླེང་གནང་སོང་།

ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་བའི་ཐད་གྲོས་ཚོགས་ཀྱི་ངོས་ནས་གདོང་ལེན་གནང་ཕྱོགས་ཐད་བགྲོ་གླེང་སྐབས་ཨ་རི་གཞི་རྩའི་རྩ་འཛིན་ལ་ངེས་པར་དུ་གནས་ཐུབ་པ་དགོས་པ་གསུངས་སོང་།
དེ་ཡང་ཕྱི་ཟླ་གཉིས་པའི་ཚེས་ ༢༥ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྟེན་གཞི་བྱས་པའི་ (Brookings Institute) ཞེས་ཨ་རིའི་རྒྱལ་ནང་དང་ཕྱི་སྲིད་ཀྱི་སྲིད་བྱུས་བཅས་པའི་ཐོག་ཉམས་ཞིབ་གནང་མཁན་གྱི་བསྟི་གནས་ཁང་གིས། ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་བའི་ཐད་གྲོས་ཚོགས་ཀྱི་ངོས་ནས་གདོང་ལེན་གནང་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་དམར་ཤོག་ཚོགས་པའི་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་འཇོན་མུ་ལེ་ནར་ (John Moolenaar) ལགས་དང་། མང་གཙོ་ཚོགས་པའི་ཚོགས་མི་སྐུ་ཞབས་རཱ་ཇ་ཀྲྀཥྞ་མུར་ཐི་ (Raja Krishnamoorthi) རྣམ་གཉིས་གདན་ཞུས་ཀྱིས་བགྲོ་གླེང་གནང་ཡོད་པ་དང་། གོང་ཞུས་གྲོས་ཚོགས་འཐུས་མི་གཉིས་ལ་རྒྱ་ནག་དང་འབྲེལ་བའི་ཐེ་ཝན་དང་། འཕྲུལ་རིགས་ཀྱི་གལ་གནད། ཚོང་འབྲེལ་། རྒྱུད་གཅིག་ལམ་གཅིག དེ་བཞིན་ཡུཀ་རེན། ལྷོ་རྒྱ་ནག་རྒྱ་མཚོ་ལ་སོགས་པའི་གནད་དོན་འདྲ་མིན་ཐོག་བཀའ་འདྲི་མང་དག་ཞིག་གནང་བ་དེ་དག་ལ་ཁོང་རྣམ་གཉིས་ནས་གྲོས་ཚོགས་ཀྱི་ངོས་ནས་གནང་འཆར་དང་། ཨ་རིའི་སྲིད་གཞུང་གསར་པའི་ངོས་ནས་གནང་དགོས་པའི་གལ་གནད་བཅས་ཀྱི་ཐད་བཀའ་ལན་གནང་སྐབས། གལ་སྲིད་ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་ (Donald Trump) ཡིས་གསུངས་པ་ལྟར། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་མཇལ་འཕྲད་གནང་བའི་སྐབས་ཕར་སྤྲོད་ཚུར་ལེན་གྱི་བཀའ་མོལ་གནང་སྲིད་པའི་ཐད་ཐེ་ཝན་དང་། བོད་དོན་དང་འབྲེལ་བའི་སྐོར་གྲོས་ཚོགས་འཐུས་མི་སྐུ་ཞབས་ (Raja Krishnamoorthi) ལགས་ཀྱིས། ངའི་བློ་ཚབས་ཆེ་ཤོས་ནི་རྒྱ་ནག་གིས་ཚོང་འབྲེལ་བྱེད་པའི་སྐབས་ཨ་རིར་མཁོ་བའི་རིགས་དགོས་འདུན་བཏོན་པའི་སྐབས་འགྲིགས་ཀྱི་རེད་། ཡིན་ནའང་དེར་གཞིགས་པས་ཁྱེད་ཚོའི་ངོས་ནས་ཐེ་ཝན་དང་། བོད། ཡུ་གུར། ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་ཐད་ང་ཚོས་དགོས་འདུན་བཏོན་པ་དེ་དག་ལ་ཁས་ལེན་བྱེད་དགོས་ཟེར་མི་སྲིད་པ་མ་རེད། དེ་འདྲ་ཡིན་དུས་ཨ་རིའི་ངོས་ནས་མཐུན་ཕྱོགས་རྒྱལ་ཁབ་དང་ཡང་ན་ཨ་རིའི་གཞི་རྩའི་རྩ་འཛིན་ལ་ངེས་པར་དུ་གནས་ཐུབ་པ་དགོས་ཀྱི་རེད་ཅེས་གསུངས་སོང་།
དེ་དང་ཕྱོགས་མཚུངས་གྲོས་ཚོགས་འཐུས་མི་འཇོན་མུ་ལེ་ནར་ལགས་ཀྱིས། ཕྱོགས་གཉིས་བར་གྲོས་མོལ་གནང་བའི་སྐབས་སྲིད་འཛིན་ཌོ་ནལཌི་ཊམཔ་སྲིད་གཞུང་གི་ངོས་ནས་རྒྱ་ནག་གི་དེ་སྔའི་ཚོང་འབྲེལ་གྱི་གྲོས་མཐུན་ཁག་ལ་ལག་ལེན་དོན་འཁེལ་བྱུང་ཡོད་མེད་ངེས་པར་དུ་དགོངས་པ་བཞེས་ནས་ཐག་གཅོད་གནང་དགོས་ཀྱི་རེད་ཅེས་གསུངས་སོང་།
ཡང་ཐེ་ཝན་གྱི་གནད་དོན་ཐད་གྲོས་ཚོགས་འཐུས་མི་འཇོན་མུ་ལེ་ནར་ལགས་ཀྱིས། ཐེ་ཝན་རང་ཉིད་ཀྱི་དམག་དོན་དང་འབྲེལ་བའི་ཐད་རང་ཁ་རང་གསོ་དང་ནུས་ཤུགས་ལྡན་པ་ཞིག་བཟོ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་ལས་གདོང་ལེན་བྱེད་རྒྱུར་གོ་མཚོན་ཉུང་དུ་གཏོང་རྒྱུ་མེད་ལུགས་དགོངས་ཚུལ་གསུངས་ཡོད་པ་རེད།
ཡང་གནད་དོན་གལ་ཆེ་བའི་གྲས་གཅིག་ནི་ཨ་མི་རི་ཀའི་སྲིད་གཞུང་གསར་པའི་ངོས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་རོགས་དངུལ་ (USAID) བརྒྱུད་མཁོ་སྤྲོད་བྱེད་རྒྱུར་གནས་སྐབས་མཚམས་འཇོག་བྱས་པ་དེས་རྒྱ་ནག་གིས་ཁེ་ཕན་ལེན་སྲིད་མིན་ཐད་བཀའ་མོལ་གནང་བའི་སྐབས། གྲོས་ཚོགས་འཐུས་མི་སྐུ་ཞབས་རཱ་ཇ་ཀྲྀཥྞ་མུར་ཐི་ལགས་ཀྱིས། ད་ལྟའི་སྲིད་གཞུང་གི་འཛིན་སྐྱོང་ནང་། གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་མར་ཀོ་རུ་བྷི་ཡོ་དང་རྒྱལ་སྲུང་སློབ་སྟོན་པོ་ཝལཛ་རྣམ་གཉིས་ཡོད་པ་དེས་ཊམཔ་སྲིད་གཞུང་ལ་ཕྱི་ཕྱོགས་ལ་འབྲེལ་བ་བྱེད་ཕྱོགས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་རེད་ཅེས་གསུངས་འདུག
སྤྱི་ཚོགས་དྲྭ་ལམ་ཀྲིཀ་ཀྲོག་ (TikTok) ་དང་ཡུཀ་རེན། ཡོ་རོབ་དང་འབྲེལ་བ་བཅས་པའི་ཐོག་ལའང་བགྲོ་གླེང་སྐབས། གྲོས་ཚོགས་འཐུས་མི་རྣམ་གཉིས་ཀས་ཞིབ་འཇུག་བྱས་པ་བརྒྱུད་མི་མང་བརྒྱ་ཆ་མང་ཆེ་བས་རྒྱ་ནག་མཉམ་འགྲན་རྩོད་བྱེད་དགོས་པ་གང་ཞིག་ལ་དམག་འཐབ་རྒྱག་རྒྱུར་གཡོལ་ཐབས་བྱེད་དགོས་པའི་སྲིད་བྱུས་འཛིན་རྒྱུའི་འདོད་པ་ཡོད་པ་ལྟར། ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གི་ངོས་ནས་ཀྱང་དེ་ལྟར་ལག་ལེན་འགེལ་རྒྱུ་གལ་ཆེན་པོ་རེད། འོན་ཀྱང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་མ་འོངས་པར་རྒྱ་ནག་རྒྱལ་ཁབ་སྟོབས་ཆེ་ཤོས་དང་དབང་ཤུགས་ཆེ་ཤོས་བྱེད་རྒྱུའི་དམིགས་ཡུལ་གཞིར་བཟུང་ཚོང་དང་། ཕར་སྤྲོད་ཚུར་ལེན་བྱེད་རྒྱུར་འདོད་པ་གང་ཡོད་བྱེད་བཅུག་རྒྱུ་མེད་པ་དང་། ཨ་རིའི་ངོས་ནས་ད་ལྟ་ཡོད་བཞིན་པའི་མཐུན་ཕྱོགས་རྒྱལ་ཁབ་ཚོའི་མཉམ་འབྲེལ་བ་ཡག་པོ་འཇོག་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་དང་། ཐེ་ཝན་རྒྱལ་ཁབ་དེ་བཞིན་ཧོང་ཀོང་དང་འདྲ་མཚུངས་མི་ཡོང་བ་བྱེད་རྒྱུར་ཐེ་ཝན་རང་ཉིད་ཀྱི་སྲུང་སྐྱོབ་ཀྱི་འགན་འཁྱེར་དེ་གདོང་ལེན་བྱེད་དགོས་པ་གང་ཞིག་ལ་ཨ་རིའི་ངོས་ནས་ཀྱང་རྒྱབ་སྐྱོར་མུ་མཐུད་ནས་བྱེད་དགོས་ཀྱི་རེད་ཅེས་དང་། གྲོས་ཚོགས་ཀྱི་ངོས་ནས་རྒྱ་ནག་དང་མཉམ་ཚོང་གི་འགྲན་རྩོད་བྱེད་པ་གང་ཞིག་ལ་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་དོ་ཕོག་མི་འགྲོ་བ་ཞིག་ངེས་པར་བྱེད་རྒྱུ་ཡིན་ཞེས་དགོངས་ཚུལ་གཅིག་མཚུངས་གསུངས་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།