ཁེ་ཎ་ཌའི་ནང་བོད་མི་ཁག་ཅིག་གིས་བོད་ནང་གི་གནས་སྟངས་ངོ་སྤྲོད་ཀྱི་ལས་འགུལ་སྤེལ་འདུག

འདི་ཟླའི་ཚེས་༡༧ཉིན་ཁེ་ཎ་ཌའི་ཀྲོ་རོན་ཀྲོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཚོགས་པ་ཁག་ལྔ་མཉམ་རུབ་ཀྱི་ཐོག་ནས། ཁེ་ཎ་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོ་གྲོང་སྡེའི་ཚོགས་ཁང་མདུན་དུ་ས་གནས་བོད་མི་ཁག་ཅིག་གིས་ས་གནས་མི་མང་ལ་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་སྔར་ལྷག་བྱེད་བཞིན་པའི་ད་ལྟའི་གནས་སྟངས་ངོ་སྤྲོད་དང་ཡིག་ཆ་བཀྲམ་ཞོར་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་བྱས་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་བཏང་བར་བརྟེན་ཉེ་ལམ་ཆབ་སྲིད་བཙོན་ཟུར་བླ་བྲང་འཇིགས་མེད་རྒྱ་མཚོ་ལགས་འདས་གྲོངས་སུ་ཕྱིན་པ། ནག་ཆུ་ནས་ཡིན་པའི་གཡུ་སྒྲོན་ལགས་ཀྱིས་༧གོང་ས་མཆོག་གི་སྐུ་པར་ཉར་ཡོད་པའི་ཉེས་འཛུགས་འོག་འཛིན་བཟུང་བཙན་ཁྲིད་བྱས་པ། བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་རྒྱ་ནག་གཞུང་གིས་ཉིན་བརྒྱའི་འགུལ་སྐྱོད་ལས་འགུལ་ཞེས་པ་ཞིག་འགོ་བཙུགས་ནས་གང་བྱུང་བོད་མི་འཛིན་བཟུང་དང་འདྲི་བརྩད་བྱེད་བཞིན་པ། ཐ་ན་དེང་སྐབས་བོད་ནང་གི་བོད་མི་ཚོའི་འགྲོ་སྡོད་སྤྱོད་གསུམ་ལ་རང་དབང་མེད་པ་སོགས་ཀྱི་གནས་སྟངས་ལ་བརྟེན་ལས་འགུལ་དེ་སྤེལ་བ་ཡིན་པ་ས་གནས་གཞོན་ནུའི་ཚོགས་གཙོ་སཱ་ནེ་བསོད་ནམས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ལས་འགུལ་དེར་མཉམ་ཞུགས་གནང་ཡོད་པ་ནམ་རྒྱུན་བོད་དོན་ལས་འགུལ་སྤེལ་མཁན་སངས་རྒྱས་སྐྱབས་ལགས་ཀྱིས། ད་ལྟའི་བོད་ནང་གི་བོད་མི་ཚོའི་གནས་སྟངས་ཛ་དྲག་ཡིན་པ་དང་། རྒྱ་ནག་གཞུང་གི་སྡུག་རྩུབ་ཀྱི་སྲིད་ཇུས་འོག་བོད་ནང་གི་བོད་མི་ཚོར་དཀའ་ངལ་འཕྲད་བཞིན་ཡོད་པ་ཤེས་པའི་ཐོག་ནས་ད་ཐེངས་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་བ་གསུངས་བྱུང་།
སྐབས་དེར་ལས་འགུལ་བ་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་དང་། ས་གནས་མི་མང་ལ་བོད་ནང་གི་གནས་སྟངས་ངོ་སྤྲོད། བོད་དོན་ཡིག་ཆ་བཀྲམ་པ་སོགས་བྱས་ཡོད་པ་རེད།
གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།