རྒྱ་ནག་གཞུང་གིས་བོད་ནང་སྤེལ་བཞིན་པའི་སྲིད་ཇུས་ཁག་མི་རིགས་རྒྱ་བསྒྱུར་གྱི་སྲིད་ཇུས་རྐྱང་ཡིན་པ་རྒྱལ་ལོ་ལགས་ཀྱིས་གསུངས་བྱུང་།

དེ་ཡང་གནས་ཚུལ་ལྟར་ན། འདི་ཚེས་༡༧་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་སྙན་ཐོ་ཞིག་འགྲེམས་སྤེལ་བྱེད་པའི་སྐབས། བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་གི་འགོ་ཁྲིད་གཞོན་པ་(Xu Zhitao)་ཡིས། ཕྱི་ཕྱོགས་ནས་ང་ཚོས་བོད་ནང་བཅའ་སྡོད་སློབ་གྲྭ་བཙུགས་ཏེ་དེའི་ནང་བོད་པའི་ཕྲུ་གུ་ཚོ་བཙན་ཤེད་ཀྱིས་སློབ་འཇུག་དང་། མི་རིགས་རྒྱ་བསྒྱུར་གྱི་སློབ་གསོ་སྤེལ་བཞིན་ཡོད་ལུགས་བཤད་བཞིན་པ་ནི་ཀུན་སློང་ངན་པ་ཞིག་བཅངས་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་རེད། དོན་དངོས་བོད་ཀྱི་གྲོང་གསེབ་ཁག་གི་ནང་སློབ་གྲྭ་ཁ་ཐོར་ཡོད་པ་ཚང་མའི་ནང་དགེ་རྒན་གཏོང་ཐུབ་རྒྱུ་དང་མཐུན་རྐྱེན་སྦྱོར་སྤྲོད་བྱེད་རྒྱུ་ཁག་པོ་ཡོད་པར་བརྟེན། ང་ཚོས་གྲོང་བརྡལ་དང་གྲོང་ཁྱེར་ཆེ་ཁག་ནང་དམིགས་བསལ་མཐུན་རྐྱེན་ཡག་པོ་ཡོད་ཙང་སློབ་གྲྭ་ཁག་ཟླ་སྒྲིལ་བཏང་བ་ཞིག་རེད་ཅེས་དང་། དེ་བཞིན་བོད་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་རྒྱ་ནག་གཞུང་གི་དགོས་མཁོ་དང་མི་མང་ལ་དངོས་ཡོད་གནས་སྟངས་ལ་འཚམས་པ་ཞིག་བཟོ་དགོས་རྒྱུ་གལ་ཆེན་པོ་མཐོང་གི་ཡོད་པ་ལས། དགོན་སྡེ་ཁག་ནང་གི་སྒྲིག་གཞི་དང་ལས་དོན་བྱེད་ཕྱོགས་ལ་ང་ཚོས་ཐེ་བྱུས་བྱེད་ཀྱི་ཡོད་མ་རེད་ཅེས་ བོད་མི་དང་ཕྱི་ཕྱོགས་ཀྱི་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ཁག་ལ་ལ་སྐྱོན་བརྗོད་བྱེད་བཞིན་པ་དེ་དག་ལ་ངོས་ལེན་བྱས་མེད་པ་རེད།
དེའི་ཐད་དེ་སྔ་བོད་ནང་དགེ་རྒན་ཆེན་མོ་གནང་མྱོང་བ་དང་། གནད་དོན་དེ་ཕྱི་ལ་ཐེར་འདོན་གནང་མཁན་གཙོ་བོའི་གྲས་བོད་ཀྱི་སློབ་གསོ་བ་དང་སྤྱི་ཚོགས་རིག་པའི་ཆེད་ལས་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། དེ་ནི་རྒྱ་ནག་གཞུང་གིས་སྐྱག་རྫུན་བཤད་པ་དང་ཕྱི་ལ་མགོ་སྐོར་གཏོང་ཐབས་བྱེད་བཞིན་པ་དེ་རེད། རྒྱུ་མཚན་ཁོང་ཚོས་སྲིད་ཇུས་དེ་དག་གི་དམིགས་ཡུལ་གཙོ་བོ་སྦས་བསྐུངས་བྱས་བ་དང་། དེ་ཐོག་རྫུན་བཤད་ནས་འགེབས་ཐབས་བྱེད་བཞིན་པ་རེད། དོན་དངོས་རྒྱ་ནག་གི་སྲིད་ཇུས་དེ་དག་གི་དམིགས་ཡུལ་ནི་མི་རིགས་མཉམ་བསྲེས་དང་། བོད་མི་རིགས་རྒྱ་བསྒྱུར་བྱེད་བཞིན་པའི་སྲིད་ཇུས་རྐྱང་ཡིན་པ་གསུངས་བྱུང་།
ད་རེས་སྙན་ཐོ་དེའི་ནང་བོད་ལ་(Xizhang)་ངམ་ཤིས་ཙང་ཞེས་བཀོད་ཡོད་འདུག
བོད་ནང་རྒྱ་ནག་གཞུང་གིས་བོད་པའི་སློབ་ཕྲུག་ཚོ་བཙན་ཤེད་ཀྱི་ཐོག་ནས་གཏན་འཇགས་སློབ་གྲྭ་ཁག་ནང་སློབ་འཇུག་བྱས་བ་དང་། ཁོང་ཚོར་རྒྱ་མིའི་ལྟ་བ་དང་སྐད་ཡིག་སློབ་ཁྲིད་བྱེད་བཞིན་བོད་པའི་ཆོས་དང་རིག་གཞུང་། གོམས་སྲོལ་སོགས་རྩ་བ་ནས་མེད་པ་བཟོ་ཐབས་བྱེད་པའི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་ལུགས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པའི་སྙན་ཐོའི་ནང་གསལ་བ་དང་། ཨ་རིས་གཙོས་ཕྱི་རྒྱལ་ཁབ་ཁག་དང་བོད་མི་གཙོས་ཚོགས་སྡེ་ཁག་མང་པོས་རྒྱ་ནག་ལ་སྲིད་ཇུས་དེ་དག་ཐད་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན། ཆོས་སྐྱིད།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།