བོད་རིགས་རི་མོ་སྒྱུ་རྩལ་བ་ཞིག་མ་ཀའོ་ལ་བསྐྱོད་རྒྱུ་བཀག་འདུག
2017.02.28
བོད་རིགས་རི་མོ་སྒྱུ་རྩལ་བ་བཀྲ་ཤིས་ནོར་བུ་ལགས་མ་ཀའོ་(Macau)་ནང་འགྲེམ་སྟོན་ཞིག་གི་ཆེད་བསྐྱོད་སྐབས་བཀག་འདུག
རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་Macau་ས་གནས་ནང་གོ་སྒྲིག་བྱེད་བཞིན་པའི་རི་མོའི་འགྲེམ་སྟོན་ཞིག་གི་ནང་མཉམ་ཞུགས་བྱ་རྒྱུར་བསྐྱོད་པའི་བོད་མི་བཀྲ་ཤིས་ནོར་བུ་ལགས་ས་གནས་དེར་བསྐྱོད་ཆོག་པའི་ཆོག་མཆན་སྤྲད་མེད་པ་རེད་འདུག
དེ་ཡང་མེ་བྱ་གནམ་ལོ་གསར་ཚེས་ཀྱི་དུས་སྐབས་དང་བསྟུན་ནས་གོང་ཞུས་Macau་ས་གནས་སུ་རི་མོ་མཁན་ཚོས་བྱ་ལོ་དང་འབྲེལ་བ་ཡོད་པའི་རི་མོའི་རྒྱུ་རྩལ་འགྲེམ་སྟོན་བྱ་རྒྱུའི་འདུ་འཛོམས་ཤིག་གོ་སྒྲིག་བྱེད་བཞིན་ཡོད་པར། དུས་སྟོན་དེའི་ནང་མཉམ་ཞུགས་བྱ་རྒྱུར་ཡོ་རོབ་རྒྱལ་ཁབ་Belgium་གྱིས་མི་སེར་ཡིན་པའི་བོད་མི་རི་མོ་མཁན་བཀྲ་ཤིས་ནོར་བུ་འདི་ཚེས་༢༦་ཉིན་ཧོང་ཀོང་བརྒྱུད་Macau་ནང་བསྐྱོད་ཐབས་གནང་ཡོད་ཀྱང༌། འགག་སྒོའི་ཉེན་རྟོག་པས་ཁོ་པར་རྒྱུ་མཚན་ཇི་ཡིན་འགྲེལ་བརྗོད་གང་ཡང་མེད་པར་Macau་དུ་བསྐྱོད་བཅུག་མེད་པ་མ་ཀའོ་དུས་བབ་གསར་ཤོག་གིས་གནས་ཚུལ་བཀོད་སྤེལ་བྱས་འདུག།
གནས་ཚུལ་ནང་མུ་མཐུད་འགྲེལ་བརྗོད་བྱས་པར་གཞིགས་ན། བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་སྔ་ལོའི་ཕྱི་ཟླ་༤་པའི་ནང་Macau་ས་གནས་དེ་རང་དུ་ཡོད་པའི་IAOHIM་རི་མོའི་འགྲེམ་སྟོན་ཁང་དུ་རི་མོའི་རྒྱུ་སྩལ་འགྲེམ་སྟོན་གྱི་བྱ་བཞག་ཞིག་ནང་མཉམ་ཞུགས་གནང་ཐུབ་པ་བྱུང་ཡོད་ཀྱང༌། སྐབས་དེར་ཡང་ཁོང་ལ་Macau་ཉེན་རྟོག་པས་ལམ་སེང་ཆོག་མཆན་མ་སྤྲད་པར་ཆུ་ཚོད་གཅིག་ཙམ་རིང་དཀའ་བཀོར་བཤད་ཡོད་པ་དེ་ལྟར་ཡང༌། སྔ་ལོའི་ནང་ཧོང་ཀོང་ཉེན་རྟོག་པས་དགག་བྱ་བྱས་པའི་གནས་ཚུལ་བྱུང་མེད་པའི་འགྲེལ་བརྗོད་བྱས་འདུག།
གསར་འགོད་པ་ངག་ཆོས།