བོད་དང་ཤིན་ཅང་གི་གནད་དོན་གལ་ཆེན་ལ་ངོས་འཛིན་བྱེད་བཞིན་ཡོད་ཅེས་རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོས་གསུངས་འདུག
སྤྱི་ཟླ་༣པའི་ཚེས་༡༤ཉིན་(Eastwest Center)་ཞེས་བའི་ཉམས་ཞིབ་ལྟེ་གནས་ཁང་གི་གོ་སྒྲིག་འོག རྒྱ་ནག་ཏུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་(Nicholas Burns)་ལགས་ཀྱིས་ཨ་རི་དང་རྒྱ་ནག་བར་ཕྱི་འབྲེལ་གྱི་འབྲེལ་བ་ཆ་ཚང་བ་བཙུགས་ནས་ལོ་ངོ་༤༥་རྗེས་སུ། ད་ལྟའི་ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་བའི་གནས་སྟངས་ཐད་དྲ་ལམ་བརྒྱུད་གཏམ་བཤད་གནང་སྐབས། ཁོང་གིས་ཨ་མི་རི་ཀ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་བར་༢༠༢༢ལོར་གྲོས་མཐུན་མི་ཡོང་བའི་གནད་དོན་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་བྱུང་ཡོད་ན་ཡང་། སྤྱི་ལོ་༢༠༢༣་ལོ་ནས་བཟུང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་བཟང་དུ་ཕྱིན་ཡོད་པ་དང་། དཔེར་ན། ལོ་དེའི་སྤྱི་ཟླ་༡༡པའི་ནང་ཨ་རིའི་ཁེ་ལི་ཧྥོར་ནི་ཡ་མངའ་སྡེའི་ནང་ཨ་མི་རི་ཀའི་སྲིད་འཛིན་(Biden)་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་མཇལ་འཕྲད་སྐབས་གནད་དོན་ཚང་མ་སེལ་ཐུབ་མེད་ཀྱང་། མཇལ་འཕྲད་དེས་ཕན་ཐོགས་ཆེན་པོ་བྱུང་ཡོད། དེ་ནི་འགྲན་རྩོད་པ་ཞིག་ཡིན་པའི་ཆ་ནས་རྒྱལ་ཁབ་གཉིས་བར་འབྲེལ་ལམ་རྒྱུན་མ་ཆད་པར་ཡོད་པ་དང་སྐབས་དེར་རྒྱལ་ཁབ་གཉིས་ཀས་ཕན་ཚུན་གྱི་ལྟ་ཚུལ་སོགས་ར་འཕྲོད་བྱུང་ཡོད་པ་གསུངས་འདུག
ད་དུང་ཁོང་གིས་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ལམ་ལུགས་ཀྱི་འགྲན་རྩོད་བྱེད་མཁན་ཞིག་ཡིན་སྟབས། འབྱུང་འགྱུར་གྱི་ལོ་ངོ་བཅུ་ཕྲག་གི་དུས་ཡུན་རིང་ཕྱོགས་གཉིས་ཀས་འགན་འཁུར་ཡོད་པའི་ཐོག་ནས་འགྲན་རྩོད་སྐབས་ཁྱད་པར་དེ་དག་ལ་གདོང་ལེན་བྱེད་དགོས་པ་ནན་བརྗོད་གནང་སོང་།
སྐུ་ཞབས་(Nicholas Burns)་ལགས་ཀྱིས་རྒྱ་ནག་ཏུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོའི་ལས་འགན་དེ་སྤྱི་ལོ་༢༠༢༢་ལོའི་ཟླ་༣པའི་ནང་དངོས་སུ་འགན་བཞེས་ཡོད་པ་དང་། དེ་ནས་ད་བར་གྱི་ཁོང་གི་ལས་ཡུན་རིང་ཨ་མི་རི་ཀ་དང་རྒྱ་ནག་བར་ཐེ་ཝན་གྱི་གནད་དོན་དང་། ཚོང་འབྲེལ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན། དེ་བཞིན་ཨུ་རུ་སིས་ཡུཀ་རེན་དང་དམག་རྒྱབ་པ་སོགས་ཀྱི་ཐད་ཕན་ཚུན་མ་མཐུན་པའི་གནད་དོན་མང་པོ་ཡོད་པའི་སྐབས་དང་འཁེལ་ཡོད་པ་དང་། ན་ནིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་གནང་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སྐུ་ཞབས་(Nicholas Burns)་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐོག བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། སྐད་ཡིག མི་རིགས་ཀྱི་ངོ་བོ་བཅས་བ་རྩ་མེད་བཟོ་ཐབས་བྱེད་བཞིན་པའི་རྒྱ་ནག་གི་སྲིད་ཇུས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་དང་། ད་རེས་དྲྭ་ཐོག་གི་ལས་རིམ་སྐབས་ཡང་ཁོང་གིས། བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཀྱི་ནང་གི་འགྲོ་བ་མིའི་རང་དབང་དང་ཐོབ་ཐང་ཐད་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་བཞིན་པའི་གནས་སྟངས་ཐད། རྒྱལ་ཁབ་གཉིས་བར་ལྟ་ཚུལ་བར་བརྒལ་ཆེན་མོ་ཡོད་པ་དང་། དེ་ནི་ཁོང་གི་ངོས་ནས་གནད་དོན་གལ་ཆེ་ཤོས་ཨང་དང་པོར་ངོས་འཛིན་བྱེད་བཞིན་པ་དང་། ཨ་མི་རི་ཀས་བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཀྱི་ད་ལྟའི་གནས་སྟངས་གཉན་འཕྲང་ཅན་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་པ་གསུངས་གནང་སོང་།
ཡང་སྤྱི་ཟླ་༣པའི་ཚེས་༡༤་ཉིན་སྐུ་ཞབས་(Nicholas Burns)་ལགས་སུ་(Bloomberg)་གསར་ཁང་གིས། རྒྱ་ནག་གི་འཁྱུག་དབྱངས་(TikTok)་ཞེས་བའི་སྤྱི་ཚོགས་དྲྭ་ལམ་གྱི་མཉེན་ཆས་དེ་ཨ་རིའི་ནང་བཀག་སྡོམ་བྱེད་སྲིད་པའི་གནས་སྟངས་ཐད་རྒྱ་ནག་གི་ལྟ་ཚུལ་དྲིས་བར། ཁོང་གིས། རྒྱ་ནག་གཞུང་གིས་དེའི་ཐད་སྐྱོན་བརྗོད་མང་པོ་བྱེད་བཞིན་པ་གོ་ཐོས་བྱུང་། ཡིན་ན་ཡང་དེ་ནི་དགོད་བྲོ་བ་ཞིག་རེད། དོན་དངོས་སུ་རྒྱ་ནག་གཞུང་གིས་རྒྱ་ནག་ནང་དུ་མི་སེར་ཚོར་(Instagram)་དང་(Facebook)་ངོ་དེབ་(google)་གྷུ་གྷལ་སོགས་ཕྱིའི་སྤྱི་ཚོགས་དྲྭ་བའི་མཉེན་ཆས་ཁག་བེད་སྤྱོད་ཀྱི་ཐོབ་ཐང་སྤྲོད་ཀྱི་མེད་པ་མ་ཟད། རྒྱ་ནག་གི་མི་འབོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ཡོད་པ་རྣམས་ཕྱིའི་སྤྱི་ཚོགས་དྲྭ་ལམ་ལ་འཇུག་པའི་ཐོབ་ཐང་ཡོངས་སུ་བཀག་ཡོད། ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་དེ་འགྲན་ཟླ་དང་རྙོག་འཛིང་ཅན་ཞིག་ཡིན་ན་ཡང་ཨ་མི་རི་ཀའི་རྒྱལ་སྲུང་གནད་དོན་དང་། མི་སེར་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་ནི་ཨ་མི་རི་ཀའི་ལས་དོན་གཙོ་གནད་ཡིན་པ་གསུངས་འདུག
འདི་ཚེས་༡༣་ཉིན་རྒྱ་ནག་གི་འཁྱུག་དབྱངས་(TikTok)་ཞེས་བའི་སྤྱི་ཚོགས་དྲྭ་ལམ་གྱི་མཉེན་ཆས་དེ་ཨ་རིའི་ནང་བཀག་སྡོམ་བྱེད་རྒྱུའི་ཁྲིམས་འཆར་ལ་ཨ་རིའི་གྲོས་ཚོགས་འོག་མའི་ནང་རྒྱབ་སྐྱོར་ཐོབ་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།