རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་འདུག

2024.12.11
རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་འདུག རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་ནི་ཀོ་ལསི་སྦརནསི་(Nicholas Burns)་ལགས། ༡༢།༡༠།༢༠༢༤
china.usembassy-china.org.cn/

དེ་ཡང་འདི་ཚེས་༡༠རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་ནི་ཀོ་ལསི་སྦརནསི་(Nicholas Burns)་ལགས་ཀྱིས་བརྙན་ལམ་བརྒྱུད་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་། བོད་ནང་གི་གནས་སྟངས་གླེང་ཡོད་པ་དང་། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་བཏོན་པའི་ནང་། འཛམ་གླིང་གི་རྒྱལ་ཁབ་ཁག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཤིན་ཅང་དང་། བོད། ཧོང་ཀོང་བཅས་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་མཚམས་འཇོག་དགོས་པའི་རེ་འདུན་འདོན་བཞིན་ཡོད་ཅེས་དང་། རྒྱ་ནག་གཞུང་གིས་གཞི་རྩའི་རང་དབང་ལ་དམ་དྲག་བྱེད་པ་དང་། རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་གྲངས་ཉུང་མི་རིགས་ཐོག་རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱེད་བཞིན་པར་བློ་ཚབས་ཆེན་པོ་ཡོད་པ་བསྐྱར་ནན་བྱས་འདུག


ཁོང་གིས་ད་དུང་། རྒྱ་ནག་གཞུང་ལ་ཆབ་སྲིད་བཙོན་པ་གྲགས་ཅན་ཁག་ཅིག་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་བཏོན་པའི་ནང་། བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་། རྒྱ་ནག་གཞུང་གིས་དྲང་བདེན་མིན་པའི་སྒོ་ནས་འཛིན་བཟུང་བཀག་ཉར་བྱས་པའི་མི་སྣ་ཚང་མ་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་རེ་འདུན་འདོན་བཞིན་ཡོད་ཅེས་གསུངས་འདུག
ཉེ་ལམ་སྤྱི་ཟླ་༦པའི་ཚེས་༢༧ཉིན། རྒྱ་ནག་གཞུང་གིས་བོད་དང་། ཤིན་ཅིང་། ཧོང་ཀོང་སོགས་ཐེ་བའི་རྒྱ་ནག་ནང་གི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐད་སེམས་ཚབས་ཡོད་པ་ཁོང་གི་སྤྱི་ཚོགས་དྲྭ་རྒྱ་(x)་ནང་གསལ་སྟོན་གནང་ཡོད་པ་རེད།
རྒྱ་ནག་གཞུང་གིས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་དང་ནང་བསྟན་ཤེས་ཡོན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས། ༢༠༢༠་ལོའི་ཕྱི་ཟླ་༡༠་བའི་ཚེས་༢༦་ཉིན་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནས་ལྷ་སའི་རྒྱ་ནག་གི་གསང་བའི་མི་སྣ་དང་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་པས་གློ་བུར་འཛིན་བཟུང་རྗེས། ཡུན་རིང་གང་དུ་ཁྲིད་ཡོད་མེད་སོགས་ཀྱི་གནས་ཚུལ་ཁ་གསལ་མེད་པར་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། རྗེས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར། སྤྱི་ལོ་༢༠༢༡་ལོའི་སྤྱི་ཟླ་༡༢བའི་ནང་ལྷ་སའི་རྒྱ་ནག་གི་འབྲེལ་ཡོད་ཚན་པས་གསང་བའི་སྒོ་ནས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་སུ་མི་ལོ་བཅུའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད། ཁོང་ད་ལྟ་དགུང་ལོ་༤༩་ཙམ་ཡིན་པའི་སྒོ་ཤེས་རབ་རྒྱ་མཚོ་ལགས། དེ་སྔ་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་དང་བོད་ནང་གི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་པ་དང་། ཁོང་འཛིན་བཟུང་མ་བྱས་བར་དུ་རྒྱུན་ཤེས་དང་ལམ། བླང་དོར་ལྟ་ཚུལ། རང་ལམ་རང་འཚོལ། ང་ཚོ་སད་རན། དཔྱད་འཚོལ་དང་ལྟ་ཚུལ། སྐྱེས་ཆེན་གྱི་བཞུད་ལམ་སོགས་རྩོམ་དེབ་མང་པོ་ཞིག་བརྩམས་ཡོད་པ་རེད།


གསར་འགོད་པ། བཀྲ་ཤིས་དབང་ཕྱུག ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎