རྒྱ་ནག་གཞུང་གིས་སྒོ་ཤེས་རབ་རྒྱ་མཚོ་ལགས་སུ་ལོ་བཅུའི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་འདུག
རྒྱ་ནག་གཞུང་གིས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་དང་ནང་བསྟན་ཤེས་ཡོན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས། ༢༠༢༠་ལོའི་ཕྱི་ཟླ་༡༠་བའི་ཚེས་༢༦་ཉིན་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནས་ལྷ་སའི་རྒྱ་ནག་གི་གསང་བའི་མི་སྣ་དང་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་པས་གློ་བུར་འཛིན་བཟུང་རྗེས། ད་བར་གང་དུ་ཁྲིད་ཡོད་མེད་སོགས་ཀྱི་གནས་ཚུལ་ཁ་གསལ་མེད་པར་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། འདི་ཚེས་༡༠་ཉིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཁུངས་ལྡན་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་ལྷ་སའི་རྒྱ་ནག་གི་འབྲེལ་ཡོད་ཚན་པས་གསང་བའི་སྒོ་ནས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་སུ་མི་ལོ་བཅུའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག ཡིན་ན་ཡང་ཁྲིམས་ཐག་དེ་ཁྲིམས་ཁང་གང་གིས་ག་དུས་བཅད་པ་དང་། ཉེས་འཛུགས་ག་རེ་བྱས་ཡོད་མེད། ད་ལྟ་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་དེ་ཙམ་གསལ་བོ་མ་བྱུང་ཡང་འདི་ག་རླུང་འཕྲིན་ཁང་གིས་མུ་མཐུད་དུ་རྩད་གཅོད་བྱེད་བཞིན་པ་ཡིན།
ཉེ་ལམ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱ་ནག་གཞུང་ལ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གཙོས་གང་བྱུང་བཀག་ཉར་དང་། གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་ཐད་ཞུ་གཏུག་འདྲི་རྩད་བྱས་བར། རྒྱ་ནག་གི་ཕྱོགས་ནས་སྤྱི་ཟླ་༨་པའི་ཚེས་༢༧་ཉིན་ལན་འདེབས་བྱེད་དགོས་བྱུང་བའི་ཡིག་ཆའི་ནང་། སྒོ་ཤེས་རབ་རྒྱ་མཚོའི་ཁྲིམས་ཞིབ་དེ་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནང་མུ་མཐུད་དུ་འགྲོ་བཞིན་ཡོད་པ་དང་། ཁོང་གསང་བའི་སྒོ་ནས་འཛིན་བཟུང་བཀག་ཉར་དང་། གང་བྱུང་བཀག་ཉར་བྱས་བ་མིན་ཚུལ་བརྗོད་ཡོད་པར་བལྟས་ན། སྒོ་ཤེས་རབ་རྒྱ་མཚོ་ལགས་སུ་མི་ལོ་བཅུའི་ཁྲིམས་ཐག་དེ་ལྷ་སའི་རྒྱ་ནག་གི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བཅད་པ་དང་། དེ་ཡང་ཉེ་བའི་ཆར་བཅད་པ་གསལ་བོ་ཡིན་པ་རེད།
སྒོ་ཤེས་རབ་རྒྱ་མཚོ་ལགས་ལ་ཆ་རྒྱུས་ཡོད་པའི་བོད་མི་ཤེས་ཡོན་ཅན་ཞིག་གིས། སྒོ་ཤེས་རབ་ལགས་ནི་རྩོམ་པ་པོ་གྲགས་ཅན་ཞིག་དང་། ཁོང་གིས་བོད་ཀྱི་ཆོས་ལུགས་རིག་གནས་དང་སྐད་ཡིག་སློབ་གསོའི་སྐོར་ལ་བློ་རྒྱ་ཆེན་པོའི་ངང་བསམ་བློ་གཏོང་མཁན་ཞིག་ཡིན་ལ། དེ་བཞིན་འགྲོ་བ་མི་ཡོངས་ལ་ཁྱབ་པའི་ཐོབ་ཐང་དོན་གཉེར་མཁན་ཞིག་ཀྱང་ཡིན། རྒྱ་ནག་གཞུང་གིས་སྒོ་ཤེས་རབ་རྒྱ་མཚོ་ལགས་སུ་ལོ་བཅུའི་ཁྲིམས་ཐག་བཅད་ཡོད་པ་དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བྱས་བའི་དུས་དྲན་ཉིན་མོར་ཐོས་པས་བློ་ཕམ་དང་། སེམས་ཚབས་ཆེན་པོ་བྱུང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་སྲིད་གཞུང་ཁག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པ་ཁག་གིས་རྒྱ་ནག་གཞུང་གིས་གསང་བའི་ངང་ཁྲིམས་ཀྱི་འགྲོ་ལུགས་དང་མི་མཐུན་པར་སྒོ་ཤེས་རབ་རྒྱ་མཚོ་ལགས་སུ་དྲང་བདེན་མ་ཡིན་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་རྩད་ཞིབ་གནང་རྒྱུར་འབོད་སྐུ་ཞུ་ཡོད་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས། རྒྱ་ནག་གཞུང་གིས་དེ་སྔ་ཕྱི་ལོ་༡༩༩༨་ལོ་དང་༢༠༠༨། ཕྱི་ལོ་༢༠༡༡་དང་༢༠༢༠་ལོ་བཅས་ཐེངས་བཞི་ལ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང་། ཐོག་མར་ཁོང་འཛིན་བཟུང་བྱེད་དགོས་དོན་ནི། སྤྱི་ལོ་༡༩༩༨ལོར་རྒྱ་ནག་གཞུང་གིས་མདོ་སྨད་རྔ་བ་ཕྱོགས་སུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་བཞིན་པའི་སྐབས། ཁོང་གིས་ཕར་ཕྱིན་དམ་བཅའ་བཞག་སྐབས་ཀིརྟི་དགོན་གྱི་འདུ་ཁང་གི་མདུན་ངོས་སུ་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་སྐུ་པར་བཤམ་པར་བརྟེན། འཛིན་བཟུང་གིས་ལོ་གསུམ་གྱི་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས་མྱོང་ཡོད་པ་རེད།
དེའི་རྗེས་སྤྱི་ལོ་༢༠༠༨་ལོར་བོད་ས་ཁྱོན་ཡོངས་སུ་བྱུང་བའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ལྷ་ས་ནས་འཛིན་བཟུང་བྱས་ནས་ལོ་གཅིག་ཙམ་རིང་བཀག་ཉར་བྱས་མྱོང་ཡོད་པ་སོགས། རྗེས་སུ་ཐེངས་ཁ་ཤས་ཉེས་འཛུགས་སོགས་གསལ་ཁ་མེད་པར་འཛིན་བཟུང་བྱས་ཡོད་ཀྱང་། བོད་མི་ཚོས་གནད་དོན་དེ་ནི་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་གཙོ་བོ་བོད་ཀྱི་ཤེས་ཡོན་སློབ་གསོ་དང་། ནང་བསྟན་ཆོས་ལུགས། བོད་ཀྱི་རིག་གནས་དང་འབྲེལ་བའི་ཕྱག་ལས་གནང་བའི་རྐྱེན་གྱིས་ཡིན་པར་དྭོགས་གཞི་བྱེད་བཞིན་ཡོད་པ་རེད།
གོང་གི་རྒྱ་ནག་གཞུང་གི་ལན་འདེབས་ཡིག་ཆ་དེའི་ནང་། སྒོ་ཤེས་རབ་རྒྱ་མཚོ་ལགས་ཕྱི་ལོ་༢༠༢༠་ལོའི་ཟླ་༡༠་ཚེས་༢༦་ཉིན་སྤྱི་ཚོགས་ཟིང་སློང་དང་ངན་སྐུལ་གྱི་ཉེས་མིང་འོག་འཛིན་བཟུང་བྱས་བ་དང་། ཕྱི་ལོ་༢༠༢༡་ལོའི་ཟླ་༢་ཚེས་༣་ཉིན་ནས་ལྷ་སའི་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཁོང་ལ་ཁྲིམས་བཤེར་བྱེད་བཞིན་པ་དང་། ཁོང་གི་ཁྲིམས་བཤེར་སོགས་ཁྲིམས་ལུགས་གཞིར་བཟུང་དྲང་བདེན་བྱེད་བཞིན་པ་བཀོད་ཡོད་པ་རེད། ཡིན་ནའང་གནས་ཚུལ་ཡོང་ཁུངས་ལྟར་ན། ཁོང་ལ་ཁྲིམས་བཤེར་སྐབས་ཁྲིམས་རྩོད་པ་ཚད་ལྡན་མེད་པར་ཁྲིམས་ཁང་གིས་གསང་བའི་ངང་ཁྲིམས་ཀྱི་འགྲོ་ལུགས་དང་མི་མཐུན་པར་དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་ཡོད་པ་རེད་འདུག
ད་ལྟ་དགུང་ལོ་༤༦་ཡིན་པའི་སྒོ་ཤེས་རབ་རྒྱ་མཚོ་ལགས། དེ་སྔ་ཀིརྟི་དགོན་པའི་དགེ་འདུན་པ་དང་བོད་ནང་གི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་པ་དང་། ཁོང་གིས་ད་བར་རྒྱུན་ཤེས་དང་ལམ། བླང་དོར་ལྟ་ཚུལ། རང་ལམ་རང་འཚོལ། ང་ཚོ་སད་རན། དཔྱད་འཚོལ་དང་ལྟ་ཚུལ། སྐྱེས་ཆེན་གྱི་བཞུད་ལམ་སོགས་རྩོམ་དེབ་མང་པོ་ཞིག་བརྩམས་ཡོད་པ་རེད།
གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།