རྒྱལ་ཚོགས་ཀྱི་འདྲི་རྩད་ལྟར་རྒྱ་ནག་གཞུང་གིས་བོད་ནང་གི་གནས་སྟངས་སྐོར་ལན་འདེབས་གསལ་བཤད་བྱས་འདུག

ཉེ་ལམ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱ་ནག་གཞུང་ལ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གཙོས་གང་བྱུང་བཀག་ཉར་དང་གར་སོང་ཆ་མེད། བོད་ནང་གི་ཆོས་དད་རང་དབང་སོགས་དང་འབྲེལ་ནས་ཞུ་གཏུགས་བྱས་ཡོད་པའི་གནས་ཚུལ་ཐད། རྒྱ་ནག་གི་ཕྱོགས་ནས་ལན་འདེབས་བྱེད་དགོས་བྱུང་ཡོད་པ་དང་། སྤྱི་ཟླ་༨་པའི་ཚེས་༢༧་ཉིན་གྱི་ལན་འདེབས་ཡིག་ཆའི་ནང་། གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་སུ་རྔ་བ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལོ་༤་ཡི་བཙོན་མཇུག་ཁྲིམས་ཐག་བཅད་ནས། ད་ལྟ་རྔ་བ་ཁུལ་གྱི་བཙོན་ཁང་ནང་ཡོད་སྐོར་བརྗོད་ཡོད་པ་དང་། དེ་བཞིན་སྒོ་ཤེས་རབ་རྒྱ་མཚོའི་ཁྲིམས་ཞིབ་དེ་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནང་མུ་མཐུད་དུ་འགྲོ་བཞིན་ཡོད་པ་དང་། དེ་དག་ནི་གསང་བའི་སྒོ་ནས་འཛིན་བཟུང་བཀག་ཉར་དང་། གང་བྱུང་བཀག་ཉར་བྱས་བ་མིན་ཚུལ་བརྗོད་འདུག
དེའི་ཐད་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱི་སྲིང་མོ་ཀུན་བཟང་སྒྲོལ་མ་ལགས་ཀྱིས། གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་གང་དུ་ཡོད་པ་སོགས་ཤེས་རྟོགས་བྱུང་བར་དགའ་བོ་བྱུང་ན་ཡང་། ཁོང་དང་ཁོང་གི་ནང་མི་ཚོར་དཀའ་ངལ་དང་དམ་དྲག་ཤུགས་ཆེ་རུ་གཏོང་མི་ཡོང་ངམ་བསམ་ནས་སེམས་ཚབས་ཡོད་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གི་གཞུང་འབྲེལ་ལན་འདེབས་ཡིག་ཆ་དེའི་ནང་། རྒྱ་ནག་གཞུང་གིས་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཕྱི་ལོ་༢༠༡༩་ལོའི་ཟླ་༨་ཚེས་༢་ཉིན་འཛིན་བཟུང་བཙོན་མཇུག་གིས་ཕྱི་ལོ་༢༠༢༠་ལོའི་ཟླ་༡༡་ཚེས་༢༧་ཉིན་རྔ་བ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ནས། ཁོང་གིས་སྐད་འཕྲིན་བརྒྱུད་རྒྱལ་ཁབ་ཁ་བྲལ་གྱི་ལས་གཞི་སྤེལ་བཞིན་པའི་ཉེས་མིང་འོག་ལོ་༤་དང་ཟླ་བ་དྲུག་གི་བཙོན་མཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁྲིམས་ཁང་ངོས་ནས་གྲྭ་རིན་ཆེན་ཚུལ་ཁྲིམས་ཀྱི་ཁྲིམས་ཞིབ་དེ་ཁྲིམས་ལུགས་གཞིར་བཟུང་དྲང་པོ་བྱས་ཡོད་པ་མ་ཟད། དུས་ཐོག་ཏུ་ཁོང་གི་གནས་ཚུལ་སྐོར་ནང་མི་ཚོར་གསལ་བཤད་བྱས་ཡོད་སྐོར་བརྗོད་ཡོད་ན་ཡང་། ཀུན་བཟང་སྒྲོལ་མ་ལགས་ནས་རྒྱ་ནག་གཞུང་གིས་གྲྭ་རིན་ཆེན་ཚུལ་ཁྲིམས་འཛིན་བཟུང་བྱས་པ་ནས་ནང་མི་ཚོར་བརྡ་ལན་གང་ཡང་སྤྲད་མེད་པ་མ་ཟད། ཕ་མ་གཉིས་དང་ནང་མི་ཚོས་ཁོང་ད་བར་གསོན་ངོགས་སུ་ཡོད་མེད་ཐད་བློ་ཚབས་དང་སེམས་འཁུར་བྱས་བསྡད་པ་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་རྒྱ་ནག་གཞུང་གིས་སྒོ་ཤེས་རབ་རྒྱ་མཚོ་ལགས་ཕྱི་ལོ་༢༠༢༠ ལོའི་ཟླ་༡༠་ཚེས་༢༦་ཉིན་སྤྱི་ཚོགས་ཟིང་སློང་དང་ངན་སྐུལ་གྱི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ། ཕྱི་ལོ་༢༠༢༡་ལོའི་ཟླ་༢་ཚེས་༣་ཉིན་ནས་ལྷ་སའི་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཁོང་ལ་ཁྲིམས་བཤེར་བྱེད་བཞིན་པ་དང་། ཁོང་གི་ཁྲིམས་བཤེར་སོགས་ཁྲིམས་ལུགས་གཞིར་བཟུང་དྲང་བདེན་དང་ཁོང་གི་གནས་ཚུལ་དུས་ཐོག་ནང་མི་ཚོར་བཤད་ཡོད་སྐོར་བརྗོད་ཡོད་ན་ཡང་། ཡིག་ཆ་དེའི་ནང་ཁོང་གི་ཉེས་དོན་བཅད་ཁྲ་ད་དུང་བསྒྲགས་མེད་པ་གསལ་ཡོད་པ་མ་ཟད། སྒོ་ཤེས་རབ་རྒྱ་མཚོ་ལགས་འཛིན་བཟུང་བྱས་པ་ནས་ཁོང་ལྷ་སར་ཁྲིད་ཡོད་པ་ཙམ་ཤེས་རྟོགས་བྱུང་ཡོད་པ་ལས། ད་བར་ཁོང་གི་སྐོར་ལ་ཤེས་རྟོགས་གང་ཡང་མེད་པ་དེ་སྔ་ཁོང་འཛིན་བཟུང་བྱས་རྗེས་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་བརྗོད་ཡོད་པ་རེད་ལ། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། རྒྱ་ནག་གཞུང་གིས་གྲྭ་རིན་ཆེན་ཚུལ་ཁྲིམས་དང་སྒོ་ཤེས་རབ་རྒྱ་མཚོ་གཉིས་ལྟ་བུ། སྤྱི་ཚོགས་ཁྲོད་ཤེས་ཡོན་ཡོད་མཁན་དང་ནུས་པ་ཡོད་མཁན་ཚོ་གང་བྱུང་འཛིན་བཟུང་དང་ཁྲིམས་བཤེར་བྱས་ཡོད་པ་མ་ཟད། ཁོང་གཉིས་ལ་རྒྱལ་ཁབ་ཁ་བྲལ་ཟེར་བའི་ནག་ཉེས་འོག་ནས་ཁྲིམས་ཐག་བཅད་ཡོད་ཀྱང་། རྒྱ་ནག་གཞུང་གིས་བཤད་པ་དེར་ཡིད་ཆེས་རྒྱུ་མེད་པར་མུ་མཐུད་ཁོ་གཉིས་ཀྱི་གནས་སྟངས་ཐད་བློ་ཚབས་རང་བཞིན་ཞིག་ཆགས་ཡོད་སྐོར་བརྗོད་བྱུང་།
གཞན་ཡང་རྒྱ་ནག་གཞུང་གིས་ལན་འདེབས་ཡིག་ཆ་དེའི་ནང་། དེ་མིན་བོད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་རྒྱ་ནག་གཞུང་གིས་ཡར་རྒྱས་དང་དར་སྤེལ་གཏོང་བཞིན་ཡོད་སྐོར་དང་། བོད་ནང་ཆོས་དད་རང་དབང་ཆ་ཚང་ཡོད་པ་མ་ཟད་བོད་ནང་གི་བོད་མི་ཚོར་སྤྱི་ཚོགས་ཀྱི་གནས་བབ་དང་དཔལ་འབྱོར། འཕྲོད་བསྟེན་སོགས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་སོགས་བཀོད་ཡོད་ན་ཡང་། ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་དོན་དངོས་སུ་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དང་སོགས་ཉེ་བའི་ཆར་ལྷག་ཏུ་ཛ་དྲག་གི་གནས་སུ་ལྷུང་བཞིན་ཡོད་སྐོར་བརྗོད་བྱུང་།
ད་རེས་རྒྱ་ནག་གཞུང་གིས་བོད་ནང་གི་གནས་སྟངས་ཐད་རྒྱལ་ཚོགས་སུ་གསལ་བཤད་ལན་འདེབས་ཀྱི་ཡིག་ཆ་དེ། འདི་ལོའི་ཕྱི་ཟླ་༧་ཚེས་༡༦་ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚན་པས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོ་གང་བྱུང་འཛིན་བཟུང་དང་གར་སོང་ཆ་མེད། གང་བྱུང་བཙོན་བཅུག་བྱེད་བཞིན་པའི་གནས་ཚུལ་སྐོར་ནས་ཞུ་གཏུགས་པ་ཞིག་ལ། ཕྱི་ཟླ་༨ཚེས་༢༧་ཉིན་ལན་འདེབས་བྱས་པ་ཞིག་ཡིན་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།