རིན་ཆེན་ཚུལ་ཁྲིམས་ལགས་སུ་མི་ལོ་བཞི་དང་ཕྱེད་ཀའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག

2021.06.23
རིན་ཆེན་ཚུལ་ཁྲིམས་ལགས་སུ་མི་ལོ་བཞི་དང་ཕྱེད་ཀའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག རིན་ཆེན་ཚུལ་ཁྲིམས་ལགས། ༼ཟླ་ཚེས་མི་གསལ
བོད་འབྱོར།

རྒྱ་ནག་གཞུང་གིས་དེ་སྔ་འཛིན་བཟུང་བྱས་བའི་རིན་ཆེན་ཚུལ་ཁྲིམས་ལགས་སུ་མི་ལོ་བཞི་དང་ཕྱེད་ཀའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག
དེ་སྔ་ཕྱི་ལོ་༢༠༡༩་ལོར་མདོ་སྨད་རྔ་བ་ཀོར་མདོ་ས་ཚིགས་ནས་རྔ་བ་ས་གནས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་པའི་རྔ་བ་སྣང་ཞིག་དགོན་པའི་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་གར་སོང་ཆ་མེད་གྱུར་རྗེས། འདི་ལོའི་ཕྱི་ཟླ་༣་པའི་ནང་ཁོང་ལ་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། སྐབས་དེར་ཁོང་ལ་ཁྲིམས་རྩོད་པ་དང་ཁྲིམས་ཀྱི་འགྲོ་རིམ་གང་ཡང་བརྒྱུད་བཅུག་མེད་པ་མ་ཟད་། ད་ལྟའི་ཆར་ཁོང་རྒྱ་ནག་ཁྲིན་ཏུའུ་མེན་དབྱང་བཙོན་ཁང་དུ་ཡོད་པ་རྒྱ་ནག་གཞུང་འབྲེལ་མི་སྣས་ཁོང་གི་ནང་མི་ཚོར་བརྗོད་ཡོད་པ་དང་། ནང་མི་ཚོ་ད་དུང་ཁོང་དང་ཐུག་འཕྲད་སོགས་གང་ཡང་བྱེད་བཅུག་མེད་པའི་སྐོར། བཙན་བྱོལ་དུ་ཡོད་པའི་ཁོང་གི་སྲིང་མོ་ཀུན་བཟང་སྒྲོལ་མ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། ཁོང་མོས་ངོ་སྤྲོད་གནང་ན། གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་འཛིན་བཟུང་བྱས་ཉིན་དེ་ད་བར་ཤེས་རྟོག་བྱུང་མེད་སྟབས། དེ་སྔ་གསར་ལམ་ཁག་ཏུ་ཕྱི་ཟླ་ ༨ ་ཚེས་ ༡ ་ཉིན་སྟེ། ཁོ་མོར་གནས་ཚུལ་དེ་འབྱོར་ཉིན་བྲིས་ཡོད་ན་ཡང་། རྗེས་སུ་ཤེས་རྟོག་བྱུང་སྐབས་ཁོང་ཕྱི་ལོ་ ༢༠༡༩ ་ཟླ་ ༧ ་ཚེས་ ༢༧ ་དགོང་མོ་ཕྱིར་ཕ་ཡུལ་དུ་ལོག་པ་ནས་འཛིན་བཟུང་བྱས་ཏེ། ཕྱི་ལོ་ ༢༠༢༡ ་ལོའི་ཕྱི་ཟླ་ ༣ ་ཚེས་ ༢༦ ་ཉིན་བར་གར་སོང་ཆ་མེད་དུ་གྱུར་ནས་གནས་ཚུལ་གང་ཡང་གོ་ཐོས་བྱུང་མེད་ན་ཡང་། ཉིན་དེར་རྔ་བ་རྫོང་ཉེན་རྟོག་པས་ཁོང་གི་ཨ་ཕ་དང་གཅེན་པོ་གཉིས་སྐད་བཏང་ནས། གྲྭ་རིན་ཆེན་ཚུལ་ཁྲིམས་ལ་ལོ་བཞི་དང་ཟླ་ ༦ ་གི་ཁྲིམས་ཐག་བཅད་ཡོད་སྐོར་བརྗོད་ཡོད་འདུག
གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱིས་དེ་སྔ་ནས་བོད་ཀྱི་སྐད་ཡིག་ཐོབ་ཐང་སྐོར་གྱི་ཡིག་ཆ་འགྲེམས་སྤེལ་དང་། པཎ་ཆེན་རིན་པོ་ཆེ་མཆོག་གི་སྐོར་གཏམ་བཤད་སྤེལ་བར་བརྟེན་རྒྱ་ནག་གཞུང་གིས་གྲ་རིན་ཆེན་ཚུལ་ཁྲིམས་ལགས་དེ་སྔ་འཛིན་བཟུང་མ་བྱས་སྔོན་ནས་ཉེན་བརྡ་ཐེངས་གསུམ་བཏང་ཡོད་པ་དང་། ཉེན་བརྡ་དང་པོ་དེ་ཁོང་གིས་དེ་སྔ་རྔ་བ་ཕྱོགས་ཀྱི་ཞི་རྒོལ་སྐབས་བོད་ཀྱི་སྐད་ཡིག་གི་ཐོབ་ཐང་སྐོར་གྱི་ཡིག་ཆ་འགྲེམས་སྤེལ་བྱས་སྐོར་དང་། གཞན་ཁོང་གིས་དཔའ་རིས་བོད་རིགས་རང་སྐྱོང་རྫོང་ཕྱོགས་ཀྱི་སློབ་གྲྭ་ཁག་ནང་བོད་ཡིག་དཔེ་ཆ་བསྐུར་བས་ཉེན་བརྡ་བཏང་ཡོད་པ། གསུམ་པ་ཁོང་གིས་ནམ་རྒྱུན་རང་ཉིད་སྒེར་གྱི་འཕྲིན་སྟེགས་དྲ་ཚིགས་ཤིག་གཉེར་ནས་རྩོམ་ཡིག་མང་པོ་སྤེལ་བ་སོགས་ཀྱིས་ཡིན་པ་དང་། ཐེངས་འདིར་ཁོང་འཛིན་བཟུང་བྱེད་དོན་གཙོ་བོ་བོད་ནང་ནས་འབྲེལ་ཡོད་ཚོས་བརྗོད་ན། ཁོང་གིས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐོར་སྐད་འཕྲིན་ཚོགས་པའི་ནང་གཏམ་བཤད་སྤེལ་བས་ཡིན་པ་ཤེས་རྟོགས་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ནས་ད་སྔ་རྩོམ་ཡིག་སྣ་ཚོགས་བྲིས་ཡོད་པ་ཁག་ཅིག་ཕྱི་ལ་འབྱོར་ཡོད་པའི་ནང་། པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་སྐུ་པར་མཉམ་དུ་ངས་ཁྱོད་ལ་རྗེས་དྲན་དང་མྱ་ངན་ཞུ་དོན། ཁྱོད་ཉིད་ང་ཚོའི་བདེ་བ་སྡུག་བསྔལ་དང་ན་ཟུག་གི་ཆེད་དུ་སྐུ་གཤེགས་སོང་བས་ཡིན་དང་། ཡང་ཁོ་བོའི་མི་ཚེ་འདི་གནད་འགག་ཅིག་ཏུ་ངོས་འཛིན་བྱེད་བཞིན་མེད་ལ། ཅི་ཙམ་གནས་པའི་བར་མི་བུའི་ཐོབ་ཐང་དང་མི་རིགས་ཀྱི་གནས་སྟངས་ཆེད་དུ་བརྩོན་པ་བྱེད་ཀྱི་ཡིན་སོགས། རང་ཉིད་སྒེར་གྱི་བསམ་ཚུལ་དང་མི་རིགས་ཀྱི་གནས་བབ་སྐོར་མང་པོ་ཞིག་བྲིས་ཡོད་པ་དང་། ཁོང་ལ་སྒེར་གྱི་རྩོམ་དང་གསར་འགྱུར་སོགས་སྤེལ་སའི་འཕྲིན་སྟེགས་དྲ་ཚིགས་ཤིག་ཀྱང་ཡོད་འདུག ཁོང་ལ་དེ་སྔ་ནས་རྒྱ་ནག་ཉེན་རྟོག་པས་རྗེས་འདེད་གཏོང་བཞིན་པ་ཤེས་ཡོད་པ་མ་ཟད། ཐེངས་གཅིག་ཉེན་རྟོག་པས་ཆེད་དུ་སྐད་བཏང་སྟེ་ཡིག་ཆ་ཁག་ཅིག་ལ་ས་ཡིག་རྒྱག་བཅུག་པ་སོགས་བྱས་ཡོད་འདུག
གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ནི་ཁཱ་ཤུལ་སྡེ་བའི་གཉེར་བ་ཚང་ཞེས་པའི་ཞིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ད་ལྟ་རང་ལོ་༢༩་ཡིན་པ་དང་ཁོང་དགུང་ལོ་དྲུག་ཙམ་ནས་རྔ་ཡུལ་གྱི་བོན་དགོན་ཆེ་ཤོས་སྣང་ཞིག་དགོན་པར་ཆོས་ཞུགས་བྱས་ཏེ། སྔགས་ཀྱི་འཛིན་གྲྭར་ཐོན་ཡོད་འདུག ཁོང་གི་ཕ་མིང་ལ་བཀྲ་ཤིས་དོན་གྲུབ་དང་ལོ་ ༦༨་ཡིན་ཞིང་། མ་མིང་ལ་མཚོ་མོ་ཟེར་ཞིང་ལོ་༥༧་ཡིན་འདུག་ཁོང་ལ་ཀུན་བཟང་སྒྲོལ་མ་ཚུད་པའི་ཕ་མ་གཅིག་གི་སྤུན་མཆེད་ ༥ ་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎