རྒྱ་ནག་གཞུང་གིས་སྟོན་པའི་སྐུ་བརྙན་སོགས་གཏོར་བཤིག་བཏང་བར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་སྐྱོན་བརྗོད།
ཨ་རིའི་གཞུང་དང་གྲོས་ཚོགས་ལ་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནས་བབ་ཐོག་སློབ་སྟོན་ཕུལ་མཁན་(USCIRF)་ཞེས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་(Nury Turkel)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲི་བར་ཡིག་ཐོག་གསལ་བཤད་གནང་པའི་ནང་། ཉེ་ལམ་ཁམས་དཀར་མཛེས་ཁུལ་བྲག་མགོ་རྫོང་ཁོངས་སུ་སྟོན་པའི་སྐུ་བརྙན་ཧྥེ་ཊི་༩༩་ཅན་དེ་རྒྱ་ནག་གཞུང་གིས་གཏོར་བཤིག་བཏང་བར་སྐྱོན་བརྗོད་གནང་པ་དང་སྦྲགས། འདས་པའི་ལོ་བཅུའི་རིང་རྒྱ་ནག་གི་ས་ཁུལ་ཡོངས་རྫོགས་ནང་། ཆོས་ཕྱོགས་ཀྱི་རིན་ཐང་ཡོད་པའི་གནས་ཆེན་གྲངས་ལས་འདས་པ་གཏོར་བཤིག་བཏང་ནས་མི་རིགས་དང་ཆོས་ལུགས་ཀྱི་གྲངས་ཉུང་འཚོ་ཁག་ལ་གནོད་སྐྱོན་ཆེན་པོ་བྱུང་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་ཆོས་ལུགས་ཡོངས་རྫོགས་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་བྱུས་ཀྱི་འོག་ནས་བོད་མི་ཐེ་བའི་གྲངས་ཉུང་མི་རིགས་ཐོག་ལ་ཆོས་ལུགས་ཀྱི་ཤུགས་རྐྱེན་ཉུང་དུ་གཏོང་ཐབས་བྱེད་བཞིན་པ་ཞིག་རེད་ཅེས་གསུང་འདུག
རྒྱ་ནག་གཞུང་གིས་དབྱེས་པའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་འགོ་རྫོང་ཁོངས་ཀྱི་སྟོན་པའི་སྐུ་བརྙན་ཆེན་པོ་དེ་གཏོར་བཤིག་བཏང་བའི་རྗེས། མུ་མཐུད་བྲག་འགོ་དགོན་དགའ་ལྡན་རྣམ་རྒྱལ་གླིང་གི་དགོན་པའི་འདུ་ཁང་ཉེ་འགྲམ་དུ་ཡོད་པའི་རྗེ་བཙུན་བྱམས་པ་མགོན་པོའི་ལྷ་ཁང་དེ་ཉེ་ལམ་རྒྱ་ནག་གཞུང་གིས་གཏོར་བཤིག་བཏང་ཡོད་པ་ལྟར། ད་ཆ་དེའི་ཤུལ་གྱི་རྒྱབ་ཀྱི་གཡོན་ངོས་ནས་དགོན་པའི་གྲྭ་ཤག་གཏོར་བཤིག་གཏོང་བཞིན་པ་དང་། དེ་ནི་མེ་གསོད་བདེ་འཇགས་ཆེད་དགོན་པའི་ནང་དུ་མེ་གསོད་རླངས་འཁོར་འགྲོ་ས་ཡིན་ཞེས་དགོན་པའི་གཡས་གཡོན་གཉིས་ནས་ལམ་ཀ་བཟོ་དགོས་པ་བཤད་བཞིན་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་ཡོད།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།