ཨ་རིས་བོད་དང་འབྲེལ་བའི་ལས་གཞིར་ཨ་སྒོར་ས་ཡ་ཉི་ཤུ་ལྷག་གི་སྔོན་རྩིས་གཏན་འབེབས་གནང་བར་དགའ་བསུ་ཞུས་འདུག

2023.01.05
ཨ་རིས་བོད་དང་འབྲེལ་བའི་ལས་གཞིར་ཨ་སྒོར་ས་ཡ་ཉི་ཤུ་ལྷག་གི་སྔོན་རྩིས་གཏན་འབེབས་གནང་བར་དགའ་བསུ་ཞུས་འདུག ཨ་རིའི་གྲོས་ཚོགས་ཁང་ཆེན་དང་བོད་ཀྱི་རྒྱལ་དར།
ICT

ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་༢༠༢༣ལོའི་སྔོན་རྩིས་ནང་བོད་དང་འབྲེལ་བའི་ལས་གཞི་ཁག་ལ་ཨ་སྒོར་ས་ཡ་༢༠ལྷག་རོགས་དངུལ་གནང་རྒྱུ་གཏན་འབེབས་གནང་བ་དང་། སྲིད་འཛིན་འཇཱོ་སྦཡེ་ཌེན་མཆོག་གིས་སྔ་ལོའི་ཕྱི་ཟླ་༡༢པའི་ཚེས་༣༠ཉིན་སྔོན་རྩིས་ཁྲིམས་འཆར་ལ་མཚན་རྟགས་སྐྱོན་ནས་ཨ་རིའི་ཁྲིམས་གཞིར་གཏན་འབེབས་གནང་བ་ནི། ཨ་རིས་བོད་མི་མང་ལ་མཐུན་འགྱུར་རོགས་རམ་མུ་མཐུད་དུ་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་ཡང་བསྐྱར་ར་སྤྲོད་གནང་བ་ཞིག་ཡིན་པ་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་ནང་རྟེན་གཞི་བྱས་བའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དགའ་བསུ་གནང་ནས། ཨ་མི་རི་ཀའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་གཉིས་ཀ་ཟུང་འབྲེལ་གྱི་སྒོ་ནས་བོད་ཀྱི་ཆོས་དང་རིག་གཞུང་། བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་གོང་འཕེལ་གྱི་ཆེད། བོད་མི་མང་གི་བདེན་པའི་རྩ་དོན་ལ་རྒྱབ་སྐྱོར་གནང་བ་ཞིག་ཡིན་པར་ངོས་འཛིན་གྱིས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་ལ་ཐུགས་རྗེ་ཆེ་ཞུ་ཞོར། ལོ་གསར་པ་འདིའི་ནང་ཨ་རིའི་གཞུང་དང་གྲོས་ཚོགས་ལྷན་མཉམ་ལས་གནང་སྟེ་བོད་ཀྱི་གནད་དོན་ཞི་བའི་ལམ་ནས་སེལ་རྒྱུར་མུ་མཐུད་ནས་ལས་དོན་བསྒྲུབ་རྒྱུར་ངང་སྒུག་ཞུ་བཞིན་ཡོད་སྐོར་གསུངས་འདུག ད་དུང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་གཙོ་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ཨ་མི་རི་ཀའི་གཞུང་གིས་བོད་མིར་ཨ་སྒོར་ས་ཡ་༢༠ལྷག་གི་རོགས་དངུལ་གནང་རྒྱུའི་ཁྲིམས་གཞི་གཏན་འབེབས་གནང་བ་དེས། ཨ་མི་རི་ཀས་བོད་དོན་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་ཡང་བསྐྱར་གསལ་སྟོན་བྱུང་བ་མ་ཟད། ཨ་མི་རི་ཀས་རྒྱ་ནག་གཞུང་ལ་བོད་ཀྱི་དཀའ་རྙོག་དང་བོད་མིའི་ངོ་བོ་སྲུང་སྐྱོབ་སོགས་གལ་ཆེན་ལ་བརྩི་བཞིན་པའི་བརྡ་ལན་གསལ་པོ་བཏང་བ་ཞིག་མཚོན་གྱི་ཡོད་པ་གསུང་བྱུང་།
ཨ་རིའི་གཞུང་གིས་བོད་དང་འབྲེལ་དཔལ་འབྱོར་གྱི་མཐུན་འགྱུར་རོགས་རམ་གནང་རྒྱུའི་ཁོངས་སུ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་ལས་ཁང་ལ་ཨ་སྒོར་ས་ཡ་གཅིག་གཏོང་རྒྱུ་དང་། བོད་ཀྱི་ཆོས་དང་རིག་གཞུང་གཙོས་པའི་བོད་མིའི་སྲོལ་རྒྱུན་ཁག་མི་ཉམས་རྒྱུད་འཛིན་དང་ཡུན་གནས་ཐུབ་པའི་ཡར་རྒྱས་ཀྱི་ལས་དོན་སྤེལ་རྒྱུ། ཤེས་ཡོན་དང་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཆེད་ཕྱག་ལས་གནང་མཁན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་བོད་མིའི་ཚོགས་པ་སྒྲིག་འཛུགས་ཀྱི་ཁག་ལ་ཨ་སྒོར་ས་ཡ་༡༠ གནང་རྒྱུ། ཡང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་མི་ཉམས་རྒྱུན་འཛིན་དང་བདག་གཅེས་སྲུང་སྐྱོབ་ཞུ་རྒྱུ་དང་། རྒྱ་གར་དང་བལ་ཡུལ་གཉིས་ནང་གི་བོད་མིའི་སྤྱི་ཚོགས་དང་བོད་མིའི་སྒྲིག་འཛུགས་ཀྱི་ཡར་རྒྱས་ཀྱི་ལས་གཞི་སོགས་ལ་ཨ་སྒོར་ས་ཡ་༨ གནང་རྒྱུ། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གོང་འཕེལ་གཏོང་ཐབས་ཀྱི་ཆེད་ཨ་སྒོར་ས་ཡ་༣ལས་མ་ཉུང་བའི་རོགས་དངུལ་གནང་རྒྱུ་ཡིན་པ་སོགས་བཀོད་གནང་འདུག
ཨ་རིའི་བོད་དོན་ལས་གཞིའི་ལ་རོགས་དངུལ་ཁག་ཅིག་(USAID)་ཞེས་པ་བརྒྱུད་ནས་གནང་རྒྱུ་དང་། ཡང་གྲོས་ཆོད་དེའི་ནང་དུ་ཨ་རིའི་(USAID)ཡིས་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མི་རྣམས་ལ་ཁང་པ་མཁོ་སྤྲོད་ཀྱི་ལས་གཞི་ཁག་ལ་རྒྱབ་སྐྱོར་གནང་རྒྱུའི་དགོངས་པ་ངེས་པར་དུ་བཞེས་དགོས་པ་བཀོད་འདུག


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎