ཨ་རིར་ཆོ་འཕྲུལ་སྨོན་ལམ་དང་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་༧སྐུའི་གོ་སྟོན་མཉམ་དུ་འཚོགས་འཆར་འདུག

ཕྱི་ལོ་ ༢༠༢༥ ལོར་ཨ་མི་རི་ཀའི་གྲོང་ཁྱེར་ཆེ་ཁག་གསུམ་ནང་ཆོ་འཕྲུལ་སྨོན་ལམ་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་ཕྱིར་༧སྐུའི་གོ་སྟོན་སྲུང་བརྩི་ཞུ་རྒྱུའི་གོ་སྒྲིག་གནང་གི་ཡོད་པ་ཨ་རིའི་ཆོ་འཕྲུལ་སྨོན་ལམ་གོ་སྒྲིག་ཚོགས་པའི་དྲྭ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག་ལ། དེ་ནི་ཐོག་མར་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་གི་ཁུཝིནིསི་ (Queens) ས་གནས་ཀྱི་ཚོགས་ཁང་དུ་ཕྱི་ཟླ་ ༣ ཚེས་ ༡༣ ནས་ཚེས་ ༡༦ བར་ཆོ་འཕྲུལ་སྨོན་ལམ་ཉིན་གསུམ་དང་༧གོང་ས་༧སྐྱབས་མགན་ཆེན་པོ་མཆོག་གི་གོ་སྟོན་ཉིན་གཅིག་སྲུང་བརྩི་ཞུ་རྒྱུ་དང་། དེའི་རྗེས་ཕྱི་ཟླ་ ༣ ཚེས་ ༢༡ ནས་ཚེས་ ༢༤ བར་ཨ་མི་རི་ཀའི་མི་ནི་སོ་ཊ་ས་གནས་སེནཊི་པོལ་ (Saint Paul) གྲོང་ཁྱེར་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་དུས་གཅིག་ཏུ་སྲུང་བརྩི་ཞུ་རྒྱུ་དང་། ཕྱི་ཟླ་ ༣ ཚེས་ ༢༨ ནས་ཚེས་ ༣༠ བར་བྱང་ཀེ་ལི་ཧྥོ་ནི་ཡའི་རིཆ་མོནཌི་ (Richmond) གྲོང་ཁྱེར་ནང་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་༧གོང་ས་མཆོག་གི་གོ་དོན་གཉིས་དུས་གཅིག་ཏུ་སྲུང་བརྩི་ཞུ་རྒྱུ་བཅས་ཀྱི་མཛད་རིམ་བཀོད་འདུག
ཨ་མི་རི་ཀའི་ཆོ་འཕྲུལ་སྨོན་ལམ་ཚོགས་པ་འདི་བཞིན་ཕྱི་ལོ་ ༢༠༡༩ ལོར་རྗེ་ཙོང་ཁ་ཆེན་པོ་མཆོག་གི་དགོངས་རྫོགས་རྗེས་དྲན་སྐབས། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་ཉེ་འཁོར་གྱི་མངའ་སྡེའི་དགེ་ལྡན་པའི་ཆོས་སྡེ་ཁག་གི་བླ་མ་དང་དགེ་འདུན་པ། སྐུ་ཚབ་ཚོས་ཨ་རིའི་ནང་དགེ་ལུགས་པ་སྤྱིའི་ཆོ་འཕྲུལ་སྨོན་ལམ་ཚོགས་པ་ཞིག་དགོས་གལ་ཆེ་བར་གཟིགས་ཏེ་བསྟན་བདག་ཆོས་རྗེ་རྣམ་གསུམ་ལ་ཞུས་ཏེ་བཀའ་ཁྲོལ་ཐོབ་རྗེས་གྲོང་ཁྱེར་ནིའུ་ཡོག་དང་ནེའུ་ཇར་སི། ཀེ་ནཀ་ཊི་ཀཊ་བཅས་ཀྱི་དགེ་ལྡན་པའི་ཆོས་སྡེ་ཁག་གི་སྐུ་ཚབ་མཉམ་འབྲེལ་གྱིས་ཚོགས་པ་དེ་གསར་བཙུགས་གནང་བ་ཞིག་ཡིན་པ་རེད།།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།