རྒྱ་ནག་གིས་རྒྱལ་ཚོགས་ནང་གི་རང་གི་མཐུན་ཕྱོགས་རྒྱལ་ཁབ་ཁག་ཅིག་གི་སྐུ་ཚབ་བོད་ནང་མགྲོན་འབོད་བྱས་འདུག

རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད་སྔ་ཕྱི་རིམ་པར་ཞུ་གཏུག་ཤུགས་ཆེ་བྱུང་ཡོད་ཅིང་། ཉེ་ཆར་ཕྱི་ཟླ་༨པའི་ནང་རྒྱལ་ཚོགས་ཀྱི་ཆེད་མཁས་པ་དྲུག་གིས། རྒྱ་ནག་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པ་དྲུག་གློད་གྲོལ་དགོས་པའི་ཞུ་སྙན་ཞིག་ཀྱང་ཕུལ་ཡང་། རྒྱ་ནག་གཞུང་གིས་དེར་ཡ་ལན་གནང་མེད་པ་རེད། ཕྱི་ཟླ་༨པའི་ཚེས་༢༨ནས་༣༠བར་ཉིན་གསུམ་རིང་། རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ནང་གི་རྒྱལ་ཁབ་ལྔའི་སྐུ་ཚབ་བོད་ནང་ལྟ་སྐོར་ཆེད་མགྲོན་འབོད་བྱས་འདུག་ཅིང་། རྒྱལ་ཁབ་དེ་དག་ནི་ནམ་རྒྱུན་རྒྱ་ནག་དང་མཐུན་ཕྱོགས་ཝེ་ནེ་ཛུ་ལཱ་(Venezuela)་དང་། ནི་ཁཱ་རཱ་གྷུ་(Nicaragua) བྷི་ལཱ་རུ་སུ་(Belarus) པ་ཀི་སི་ཐན་(Pakistan) ཁུའུ་བྷ་(Cuba)་བཅས་ཀྱི་སྐུ་ཚབ་ཡིན་འདུག
དེའི་ཐད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས། ཐེངས་འདིའི་སྐུ་ཚབ་རྣམས་ནི་རྒྱལ་ཁབ་ལྔ་ལས་གྲུབ་ཡོད་པ་དེ་དག་ནི་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་འོག་ཡོད་པའི་རྒྱལ་ཁབ་ཁག་ཅིག་ཡིན་པ་དང་། རྒྱལ་ཁབ་དེ་དག་གི་དཔལ་འབྱོར་གནས་སྟངས་ཞན་པས་རྒྱ་ནག་དང་བསྟུན་དགོས་པ་ཆགས་ཀྱི་ཡོད་དུས། རྒྱ་ནག་གཞུང་གིས་གོང་ཞུས་སྐུ་ཚབ་རྣམས་བོད་ནང་མགྲོན་འབོད་བྱས་པ་ནི། གཙོ་བོ་མི་རིང་བའི་ཕྱི་ལོ་༢༠༢༤ལོའི་ཟླ་བ་༡པོའི་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཚོགས་ཀྱི་རྒྱ་ནག་དང་འབྲེལ་བའི་ཉན་ཞིབ་ལ་དམིགས་ཏེ་མགྲོན་འབོད་བྱས་པ་ཞིག་དང་། རྒྱལ་སྤྱིའི་སྟེང་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཡོད་སྐོར་གྱི་ཁྱབ་བསྒྲགས་ཆེད་འཁྲབ་སྟོན་ཞིག་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞི་རྩའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ནང་ལོ་བཞི་དང་ཕྱེད་ཀའི་རྗེས་འགྲོ་བ་མིའི་ཐོབ་དང་འབྲེལ་བའི་ཉན་ཞིབ་གནང་གི་ཡོད་ཅིང་། ཕྱི་ལོ་༢༠༡༨ཟླ་བ་༡༡ཚེས་༦ཉིན་རྒྱ་ནག་དང་འབྲེལ་བའི་བསྐྱར་ཞིབ་ཀྱི་ཉན་ཞིབ་སྐབས། རྒྱ་ནག་གི་སྐུ་ཚབ་ལཱི་ནས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་བྱས་ལུགས་དང་དེ་བཞིན་ཕྱི་ལོ་༢༠༡༣ལོར་རྒྱ་ནག་དང་འབྲེལ་བའི་གྲོས་ཆོད་༢༥༢བཞག་ཡོད་པའི་ཁོངས་ནས་གྲོས་ཆོད་༢༠༤ལག་བསྟར་བྱས་ཡོད་ལུགས་སོགས་བརྗོད་ཡོད་པ་རེད།
གོང་བརྗོད་རྒྱལ་ཚོགས་ཀྱི་རྒྱལ་ཁབ་ཁག་ཅིག་གི་སྐུ་ཚབ་དེ་ཚོས་ཕྱི་ཟླ་༨ཚེས་༢༨ནས་༣༠བར། བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། སེ་ར་དགོན་པ་སོགས་ལ་ལྟ་སྐོར་གྱིས། ཁུའུ་བྷ་ནས་ཡིན་པའི་སྐུ་ཚབ་(Juan Antonio Quintanilla Roman)་ལགས་ཀྱིས་(X)་སྟེ་དེ་སྔོན་(twitter)་ཞེས་འབོད་པའི་སྤྱི་ཚོགས་དྲྭ་རྒྱའི་སྟེང་། ང་ཚོ་དེ་རིང་ལྷ་སའི་ཇོ་ཁང་དུ་ལྟ་སྐོར་ལ་ཕྱིན་པ་ཡིན། ཆོས་བྱེད་པ་ཚོས་རང་གི་ཆོས་དད་ཉམས་ལེན་བྱེད་བཞིན་པ་ནི་ཧ་ལས་དགོས་པ་ཞིག་འདུག་ཅེས་དང་། པོ་ཏཱ་ལ་ནི་བོད་མིའི་ཆོས་ལུགས་ཀྱི་མཚོན་རྟགས་ཤིག་རེད། དགེ་འདུན་པ་ཚོས་ང་ཚོར་སྣེ་ལེན་དང་གནད་དོན་མང་པོའི་ཐད་འགྲེལ་བཤད་གནང་པར་ཐུགས་རྗེ་ཆེ་ཞེས་བྲིས་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་ཕྱི་ལོ་༢༠༢༤ལོར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཐད་ཞིབ་འཇུག་བྱེད་རྒྱུ་ཡིན་པ་དང་། སྐབས་དེར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཐད་གླེང་སློང་ཡོང་རྒྱུ་ངེས་པ་ཡིན་པ་དང་། རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གསལ་པོར་ཤེས་རྟོགས་ཡོང་སླད། རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཀྱི་སྐུ་ཚབ་ལ་སོགས་པ་རྒྱ་ནག་ནང་དངོས་ཡོད་གནས་ཚུལ་ཤེས་རྟོགས་སླད་མགྲོན་འབོད་བྱ་རྒྱུ་ཡིན་པ་བརྗོད་ཡོད་པ་རེད།
དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས། སྔ་ཕྱི་རིམ་པར་རྒྱལ་ཚོགས་ཀྱི་སྐུ་ཚབ་དང་རྒྱལ་སྤྱིའི་གསར་འགོད་པ་རྣམས་རང་དབང་ལྡན་པའི་ཐོག་ནས་བོད་ནང་གཟིགས་ཞིབ་ལ་ཕེབས་ཐུབ་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་པ་ལྟར། སྐུ་ཚབ་རྣམ་པ་བོད་ནང་ཕེབས་སྐབས་རྒྱ་ནག་གི་བཀོལ་སྤྱོད་འོག་ཕྱིན་པ་ཡིན་ན། དེས་བོད་ནང་གི་དངོས་ཡོད་གནས་སྟངས་སོགས་རྒྱུས་ལོན་བྱ་རྒྱུ་ཁག་པོ་ཆགས་ཀྱི་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཉེ་ལམ་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་གཞུང་གིས་བོད་ཀྱི་བྱིས་པ་རྣམས་བཅའ་སྡོད་སློབ་གྲྭར་འཇུག་བཞིན་པའི་ཐད་བློ་འཚབ་ཡོད་སྐོར་བརྗོད་ནས། དེ་དང་འབྲེལ་ཡོད་རྒྱ་ནག་གཞུང་གི་དཔོན་རིགས་རྣམས་ལ་ཨ་རིའི་ནང་ཡོང་རྒྱུའི་མཐོང་མཆན་(Visa)་བཀག་སྡོམ་བྱེད་རྒྱུ་ཡིན་པ་བསྒྲགས་ཡོད་པ་རེད།
གོང་བརྗོད་གནས་ཚུལ་ཐད་(Reuters)་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་རྒྱལ་ཁབ་ཁག་ཅིག་གི་སྐུ་ཚབ་རྣམ་པར་མགྲོན་ཤོག་ཕུལ་བའི་ནང་། བོད་(Tibet)་ཞེས་པའི་ཚབ་ཏུ་རྒྱ་གཞུང་གིས་བཀོལ་སྤྱོད་བྱེད་བཞིན་པའི་ཐ་སྙད་བོད་ལྗོངས་(XiZang)་ཞེས་པ་དེ་བཀོད་ཡོད་པ་རེད་འདུག
གཞི་རྩའི་ཨ་རིར་རྟེན་གཞི་བྱས་པའི་(Freedom House)་འམ་རང་དབང་ཁང་པས་ཕྱི་ལོ་༢༠༢༣ལོའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་། བོད་དེ་སླར་ཡང་འཛམ་གླིང་ནང་རང་དབང་མེད་པའི་ཡུལ་ལུང་གནས་སྟངས་ཆེས་སྡུག་ཤོས་སུ་མིང་འདོན་གནང་ཡོད་པ་རེད།
ཕྱི་ཟླ་༨པའི་ཚེས་༢༩ནས་འགོ་འཛུགས་བྱས་པའི་བོད་ནང་ལྟ་སྐོར་དུ་བསྐྱོད་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ལྔ་པོ་དེ་དག་ནི་རྒྱ་ནག་དང་ཧ་ཅང་འབྲེལ་བ་ཉེ་པོ་ཡོད་མཁན་ཤ་སྟག་ཡིན་པ་རེད།
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།