རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ས་གནས་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག

2024.12.11
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ས་གནས་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སུད་སིར་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། ༡༢།༡༠།༢༠༢༤
Tibet Bureau Geneva

དེ་ཡང་སྤྱི་ཟླ་༡༢ བའི་ཚེས་༡༠ ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཏེ་ལོ་ངོ་༧༦ འཁོར་བའི་ཉིན་མོ་ཡིན་པ་དང་བསྟུན། སུད་སི་དང་ཨ་རི་སོགས་ས་གནས་མང་པོར་བོད་མི་དང་ཡུ་གུར་སོགས་རང་དབང་འཐབ་རྩོད་པ་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག་ལ། བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་མཉམ་དུ་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་ངོ་སྤྲོད་གོ་རྟོགས་སྤེལ་བ་དང་མཉམ་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་གྲོལ་གཏོང་དགོས་བ་རྒྱ་ནག་གཞུང་ལ་དགོས་འདུན་བཏོན་ཡོད་པ་རེད།
སུད་སིར་ཉིན་དེར་ས་གནས་བོད་མི་ཚོས་གོམ་བགྲོད་ཀྱིས་གྲོང་ཁྱེར་(Geneva)་ཇི་ནི་ཝར་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་འབྱོར་མཚམས་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བའི་མིའི་ཐོབ་ཐང་མུ་མཐུད་དུ་རྡོག་རོལ་གཏོང་བཞིན་པར་རྒྱལ་ཚོགས་ནས་གཟིགས་ཞིབ་གནང་རོགས་ཞེས་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད།
སུད་སི་དང་(Liechtenstein)་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་ངེས་སྟོན་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བའི་མིའི་ཐོབ་ཐང་མུ་མཐུད་དུ་རྡོག་རོལ་གཏོང་བཞིན་པ་དང་། བོད་ཕྲུག་མང་པོ་རྒྱ་ནག་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭར་བཅུག་སྟེ། བོད་ཀྱི་སྐད་ཡིག་དང་རིག་གཞུང་དང་བཅས་བ་རྩ་མེད་བཟོ་ཐབས་བྱེད་བཞིན་པར་བརྟེན་རྒྱལ་ཚོགས་ཀྱི་ངོས་ནས་བོད་ནང་གི་གནས་སྟངས་ཐད་གཟིགས་ཞིབ་གནང་དགོས་བའི་འབོད་སྐུལ་ཞུ་བཞིན་པ་གསུངས་བྱུང་།
དེ་བཞིན་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཡོང་གི་མེད་པར་བརྟེན་རྒྱལ་ཚོགས་སྐུ་ཚབ་ཚོགས་པ་བོད་ནང་དངོས་སུ་ཕེབས་ནས་བོད་ནང་གི་གནས་སྟངས་ལ་གཟིགས་ཞིབ་དགོས་བ་སོགས་གསུངས་ཡོད་པ་རེད།

Tibetan observed as International Human Rights Day 2024 (1).jpg
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ནིའུ་ཡོག་ཏུ་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། ༡༢།༡༠།༢༠༢༤ པར། བློ་བཟང་ཆོས་འཕེལ། /RFA


དེ་བཞིན་ཚེས་༡༠ཉིན་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པས་གོ་སྒྲིག་ཞུས་ཏེ། ཉིན་དེར་ནིའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་བློ་བཟང་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་བྱུང་ལ། ལས་འགུལ་དང་འབྲེལ་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཐེངས་༧༦པའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ལ་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་། རིག་གཞུང་རྩ་མེད་གཏོང་བཞིན་པའི་གནད་དོན་ཐོག་དོ་སྣང་གནང་དགོས་པའི་འབོད་སྐུལ་གནང་འདུག
ད་དུང་བསྒྲགས་གཏམ་དེའི་ནང་། རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་ཀྱི་རིག་གཞུང་རྩ་མེད་དང་། འཚེ་མེད་ཞི་བའི་འདུ་འཛོམས། ཆོས་དད་རང་དབང་བཅས་ལ་དམ་དྲག་ཚབས་ཆེ་བྱེད་བཞིན་ཡོད། བོད་པའི་བྱིས་པ་རྣམས་རྒྱ་ནག་གཞུང་གིས་བཙུགས་པའི་སློབ་གྲྭར་བཅུག་སྟེ། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་སྦྱོང་བྱེད་རྒྱུར་བཀག་འགོག་བྱས་ཏེ། རྒྱ་ནག་གི་བསམ་བློའི་སློབ་གསོ་སྤེལ་བཞིན་ཡོད་པ་དང་། བོད་ཀྱི་སློབ་གྲྭ་ཁག་སྒོ་བརྒྱབ་པ་དང་། བོད་པའི་དགེ་རྒན་ཁ་ཤས་འཛིན་བཟུང་བྱས་པ་བཅས་ཀྱིས་ཛ་དྲག་གི་གནས་སྟངས་གླེང་འདུག
དེ་བཞིན་ས་གནས་གཞོན་ནུའི་རྒྱུན་ལས་འཇམ་དཔལ་ཆོས་བཟང་ལགས་ཀྱིས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་སོང་།

Tibetan observed as International Human Rights Day 2024 (2).jpg
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཇར་མན་ནིར་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། ༡༢།༡༠།༢༠༢༤ པར། TID


གཞན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཇར་མན་ནི་དང་། ཨོསི་ཊརེ་ལི་ཡ་(Australia) ཁེ་ཎ་ཌ་སོགས་ས་གནས་མང་པོར་བོད་མི་དང་ཡུ་གུར། ཧོང་ཀོང་། ལྷོ་སོག་པོ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་རང་དབང་འཐབ་རྩོད་པ་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

Tibetan observed as International Human Rights Day 2024 (3).jpg
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཨོསི་ཊརེ་ལི་ཡར་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། ༡༢།༡༠།༢༠༢༤ པར། CTA


གསར་འགོད་པ། རབ་སྒང་ཚེ་ཕུན། བློ་བཟང་ཆོས་འཕེལ། ཨྱོན། ས་གནས་ཁག་གི་གནས་ཚུལ་ཕྱོགས་བསྡུས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎