བོད་མི་ཁྱིམ་ཚང་ལྔས་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་གནང་འདུག

སུད་སི་གྲོང་ཁྱེར་ཇི་ནི་ཝར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ། བོད་མི་ཁྱིམ་ཚང་ལྔས་ཚེས་༡༤ལྷག་དཀར་ཉིན་མོ་དང་བསྟུན་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་སྤེལ་ཞོར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ (Volker Turk)་ལགས་སུ་རེ་སྐུལ་ཞུ་ཡིག་དོན་ཚན་ལྔ་ཅན་ཞིག་ཕུལ་ཏེ་བོད་དོན་ཞུ་གཏུག་གནང་ཡོད་དང་། རེ་སྐུལ་ཞུ་ཡིག་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གི་ངོས་ནས། རྒྱ་ནག་གཞུང་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་དགོས་པའི་འབོད་སྐུལ་གནང་དགོས་པ། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་དགོས་པ། བོད་མི་རྣམས་ལ་བོད་མིའི་བླ་སྤྲུལ་ཁག་གི་ཡང་སྲིད་ངོས་འཛིན་རང་དབང་དགོས་པ། རྒྱ་ནག་གཞུང་གིས་བོད་ནང་གི་བོད་པའི་ཕྲུ་གུ་རྣམས་ཕ་མ་དང་ཐག་རིང་སའི་གཏན་སྡོད་སློབ་གྲྭ་ཁག་ནང་འཇུག་མཚམས་འཇོག་དགོས། བོད་ཕྲུག་རྣམས་ལ་བོད་ཡིག་སྦྱོང་དུ་འཇུག་དགོས་པ། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་རྒྱལ་ཚོགས་ཀྱིས་རྟོག་ཞིབ་ཀྱིས་གྲོས་གཞིའི་ནང་བོད་དོན་སྐོར་འཇུག་ཐབས་དང་། དེ་དང་ཆབས་ཅིག་ཏུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་སྙན་ཐོ་འདོན་སྤེལ་གནང་དགོས་པ་བཅས་རེ་སྐུལ་གནང་འདུག
ད་རེས་ལས་འགུལ་དེ་བཞིན་དེ་སྔ་ཕྱི་ལོ་༢༠༡༢ལོའི་ཕྱི་ཟླ་༡༢ཚེས་༡༠སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སུད་སིར་གནས་སྡོད་བོད་མི་སྟག་ཚང་དཀོན་མཆོག་ལགས་དང་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཁྱིམ་ཚང་གཉིས་ཀྱིས་ད་བར་བོད་དོན་ཆེད་ལས་འགུལ་སྤེལ་ནས་ལོ་ངོ་བཅུ་འཁོར་བའི་དུས་དྲན་ཡིན་ལ་འཁེལ་བ་དང་། ཁོང་ཚོས་བོད་དོན་བདེན་མཐའ་མ་སེལ་བའི་བར་དུ་མུ་མཐུད་དུ་ལས་འགུལ་སྤེལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས་འདུག
སུད་སིར་གནས་སྡོད་དཀོན་མཆོག་ལགས་དང་། ཚེ་རིང་རྒྱལ་པོ་ལགས། ངག་དབང་དཔལ་ལྡན་ལགས། བཀྲ་ཤིས་ལྷ་མོ་ལགས། ཆོས་སྒྲོན་ལགས་བཅས་ཀྱིས་འདས་བའི་ལོ་མང་རིང་། བོད་ནང་རྒྱ་ནག་དམར་ཤོག་གཞུང་གི་དྲག་གནོན་འོག་མུ་མཐུད་དུ་དཀའ་སྡུག་མྱོང་བཞིན་པའི་བོད་མི་རྣམས་ལ་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་རབ་དང་རིམ་པ་སྤེལ་མུས་ཡིན་ཞིང་། ད་ཐེངས་ཁོང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་དང་སུད་སིའི་རྒྱལ་དར། དེ་བཞིན་ཡོ་རོབ་སྤྱི་མཐུན་ཚོགས་པའི་དར་ཆ་སྒྲེང་འཛུགས་བྱས་ཏེ་བོད་ནང་གི་བོད་མི་རྣམས་ལ་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་སྤེལ་ཡོད་པ་དང་། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་སུད་སི་དོན་ཁང་གི་འབྲེལ་ཡོད་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་ལས་འགུལ་སྤེལ་སར་ཆེད་ཕེབས་ཀྱིས། ལས་འགུལ་བ་རྣམས་ལ་ཁ་བཏགས་འཐེན་ནས་ཁོང་རྣམ་པས་བོད་མིའི་རང་དབང་གི་ཆེད་དུ་ལས་འགུལ་སྤེལ་བཞིན་པར་གདུང་སེམས་མཉམ་སྐྱེ་དང་རྗེས་སུ་ཡི་རངས་དང་། ཁོང་ཚོའི་ཆོད་སེམས་བརྟན་པོ་ལ་བསྔགས་བྱས་ཡོད་སྐོར་སུད་སི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་འདུག
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།