སྲིད་སྐྱོང་མཆོག་གིས་སུད་སིའི་གཞུང་དོན་འཚམས་གཟིགས་འགྲུབ་སྟེ་ཧྥ་རན་སིར་ཕེབས་འབྱོར་བྱུང་འདུག

དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཡོ་རོབ་ཀྱི་རྒྱལ་ཁབ་སུད་སི་(Swiss)་དང་། ཨའོསི་ཊིརི་ཡ་(Austria) ཨི་ཊ་ལི། འཇར་མ་ནི་བཅས་སུ་གཞུང་དོན་འཚམས་གཟིགས་དང་བོད་དོན་ཞུ་སྐུལ་གནང་འགྲུབ་རྗེས་འདི་ཚེས་༡༥ཉིན་རྒྱབ་ཧྥ་རན་སིའི་རྒྱལ་སར་ཕེབས་འབྱོར་བྱུང་ཡོད་པ་དང་། དེ་མ་ཐག་ཧྥ་རན་སིའི་གྲོས་ཚོགས་གོང་མའི་ནང་ཕེབས་སྐབས། གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་(Jacqueline Eustache Brinio)་ལགས་ཀྱིས་སྣེ་ལེན་གནང་བ་དང་མཉམ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་ཅིག་དང་མཇལ་འཕྲད་ཀྱིས་ཆུ་ཚོད་གཉིས་ཙམ་རིང་བོད་དོན་བཀའ་མོལ་གནང་ཡོད་པ་དང་། སྐབས་དེར་(Brussels)་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་། བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས། ས་གནས་ཀྱི་འབྲེལ་མཐུད་ལས་བྱེད་བཅས་མཉམ་བཅར་གནང་ཡོད་པ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་། སྲིད་སྐྱོང་མཆོག་གིས་མུ་མཐུད་དུ་ཧྥ་རན་སིའི་རྒྱལ་ས་ནས་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་དང་། གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བ་སོགས་དང་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ཡོད་འདུག ཧྥ་རན་སིར་མ་ཐོན་གོང་ཛུ་རིག་གནམ་ཐང་ནས་ཛུ་རིག་(Zurich)་བདེ་སྲུང་ལས་ཁུངས་ཀྱི་འགོ་ཁྲིད་(Mario Fehr)་ལགས་དང་མཇལ་མོལ་གནང་འདུག
འདི་ཚེས་༡༣་དང་༡༤ཉིན་གཉིས་རིང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དབུ་བཞུགས་ཐོག་སུད་སིར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་༡༦པའི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་དེ་བཞིན་གཙོ་སྐྱོང་གནང་ཡོད་པ་རེད།
སྤྱི་ཚེས་༡༢ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨར་གྷའུ་བོད་རིགས་ཚོགས་པའི་གཟའ་མཇུག་བོད་ཡིག་སློབ་གྲྭར་འཚམས་གཟིགས་གནང་བ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་ཕྲུག་རྣམས་ཀྱིས་འགན་ཁུར་ཡོད་པའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་སློབ་གཉེར་གནང་རྒྱུ་གལ་གནད་ཆེན་པོ་ཡིན་པ་ལྟར། ས་གནས་བོད་མི་རྣམས་ནས་རང་འགན་རང་ཁུར་གྱི་ཐོག་ནས་མ་འོངས་སོན་རྩ་བོད་རིགས་གཞོན་ནུ་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་སློབ་ཁྲིད་གནང་བར་བསྔགས་བརྗོད་གནང་ཡོད་འདུག
དེའི་རྗེས་སྲིད་སྐྱོང་མཆོག་གིས་ཛུ་རིག་གཙུག་ལག་སློབ་གཉེར་ཁང་དུ་བོད་རིགས་གཙོས་གཞོན་སྐྱེས་རྣམས་དང་ཐུག་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་དང་། བོད་དོན་བདེན་པའི་འཐབ་རྩོད་ཡུན་གནས་ཐུབ་ཐབས། བཀའ་ཤག་སྐབས་བཅུ་དྲུག་པའི་ལས་དོན་གནང་ཕྱོགས། དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་རྒྱའི་དཀའ་རྙོག་སེལ་ཐབས་སོགས་ཀྱི་སྐོར་གཏམ་བཤད་གནང་ཡོད་པ་དང་། དེ་ནས་སུད་སི་དང་ལེག་ཀྲིན་ཚིན་བོད་རིགས་ཚོགས་པའི་ལས་ཁུངས་སུ་ཆེད་ཕེབས་ཀྱིས་སུད་སི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་མི་རྣམས་ཀྱིས་གོ་སྒྲིག་ཞུས་པའི་གཞོན་སྐྱེས་ཚོགས་འདུར་ལྷན་ཞུགས་གནང་སྟེ་བོད་དོན་འཐབ་རྩོད་དང་། གཞོན་སྐྱེས་ཀྱི་ལས་འགན་སྐོར་སོགས་གཏམ་བཤད་གནང་ཡོད་འདུག།
གསར་འགོད་པ། དབྱངས་སྒྲོན། ཀླུ་འབུམ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།