བོད་མིའི་སྐུ་ཚབ་ཚོས་སུད་སིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་ཞུས་ནས་བོད་དོན་ཞུ་སྐུལ་གནང་འདུག

དེ་ཡང་འདི་ཚེས་༧ཉིན། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་དང་ཡོ་རོབ་ཁུལ་གྱི་བོད་མི་མང་སྤྱི་འཐུས་བཅས་ཀྱིས་སྣེ་ཁྲིད་པའི་བོད་མིའི་སྐུ་ཚབ་ཚོས། སུད་སིའི་རྒྱལ་ས་བྷན་(Bern)་དུ་སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Nicolas Walder)་ལགས་དང་། སུད་སི་གྲོས་ཚོགས་འོག་མའི་འཐུས་མི་(Natalie Imboden)་བཅས་དང་མཇལ་འཕྲད་ཞུས་ནས། རྒྱ་ནག་གཞུང་གིས་བོད་ཡུལ་རྒྱ་ཡུལ་ལ་བསྒྱུར་ཆེད་བོད་ནང་གི་བོད་ཕྲུག་ས་ཡ་གཅིག་ཙམ་བཙན་ཤེད་ཀྱིས་ཕ་མ་དང་ཁ་ཐག་རིང་བའི་གཏན་འཇགས་སློབ་གྲྭར་བཅུག་ནས་རྒྱ་ནག་གི་སློབ་གསོ་སྤྲོད་བཞིན་པ་དང་། བོད་མིའི་ཁྲག་རིགས་རྒྱུད་རྫས་(DNA)་བསྡུ་རུབ་བྱས་ནས་མ་འོངས་པར་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་ཉེན་ཡོད་པ་བཅས་ཀྱི་སྲིད་ཇུས་མཚམས་འཇོག་ཡོང་ཐབས་སུ་སུད་སི་གཞུང་གིས་རྒྱ་ནག་ལ་ཡོངས་ཁྱབ་སྐྱོན་བརྗོད་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག
ཡོ་རོབ་བོད་མི་མང་སྤྱི་འཐུས་ཚ་ཁོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། སྐབས་དེར་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། ཡོ་རོབ་བོད་མི་མང་སྤྱི་འཐུས། སུད་སི་དང་ལིག་ཏེན་སིཊཡན་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས། སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Thomas Buchli)་ལགས་དང་ལས་བྱེད་ལྕམ་(Bettina Eckert)་བཅས་མཉམ་ཞུགས་ཐོག་ད་ཐེངས་བོད་དོན་ཞུ་སྐུལ་གནང་ཡོད་ཅིང་། སྤྱིར་ད་ལྟའི་བོད་ནང་གི་གནས་སྟངས་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཕྲུག་ས་ཡ་གཅིག་ཙམ་བཙན་ཤེད་ཀྱིས་ཕ་མ་དང་ཁ་ཐག་རིང་བའི་གཏན་འཇགས་སློབ་གྲྭར་འཇུག་བཞིན་པ་དང་། བོད་མིའི་ཁྲག་རིགས་རྒྱུད་རྫས་(DNA)་བསྡུ་རུབ་བྱེད་བཞིན་བཅས་ཀྱི་སྲིད་ཇུས་མཚམས་འཇོག་ཡོང་ཐབས་སུ་སུད་སི་གྲོས་ཚོགས་དང་གཞུང་གིས་རྒྱ་ནག་ལ་ཡོངས་ཁྱབ་སྐྱོན་བརྗོད་བྱེད་དགོས་པའི་འབོད་སྐུལ་ཞུས་བ་དང་། དེ་བཞིན་སུད་སི་ནང་གི་བོད་མི་སྐྱབས་བཅོལ་བའི་གནས་སྟངས་དང་ལྷག་པར་བོད་མི་སྐྱབས་བཅོལ་བ་ཚོར་དཀའ་ངལ་མེད་པའི་ཐོག་ཁྲིམས་མཐུན་ལག་འཁྱེར་སོགས་ཐོབ་ཐབས་ཡོང་བའི་རེ་སྐུལ་དང་དེའི་ཐད་གོ་བསྡུར་གནང་ཡོད་པ་སོགས་ཁྱོན་བོད་དང་འབྲེལ་བའི་གནད་དོན་དོན་ཚན་བདུན་ཙམ་གྱི་ཐད་རེ་སྐུལ་དང་གོ་བསྡུར་བྱུང་བ་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག ཀླུ་འབུམ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།