བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་འཕོ་འགྱུར།
ཐེ་ཝན་སྐུ་ཚབ་དོན་གཅོད་ཟུར་པ་ཟླ་བ་ཚེ་རིང་ལགས་ཀྱིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གྱི་ལས་གནས་རྩིས་བཞེས་གནང་འདུག
ཕྱི་ཟླ་བདུན་པའི་ཚེས་༢༦ གཟའ་ཟླ་བའི་ཉིན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་འགན་འཛིན་གསར་རྙིང་ལས་འགན་རྩིས་སྤྲོད་ཀྱི་མཛད་སྒོ་སྟབས་བདེ་ཞིག་གནང་སྐབས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དབུ་བཞུགས་ཐོག་འགན་འཛིན་ཟུར་པ་བསྟན་འཛིན་ལེགས་བཤད་ལགས་དང་། འགན་འཛིན་གསར་པ་ཟླ་བ་ཚེ་རིང་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་རྣམས་ལྷན་འཛོམས་ཀྱིས་འགན་འཛིན་གསར་རྙིང་གཉིས་ཀྱིས་ལས་གནས་རྩིས་སྤྲོད་རྩིས་ལེན་གནང་རྗེས། ཐེ་ཝན་སྐུ་ཚབ་དོན་གཅོད་ཟུར་པ་ཟླ་བ་ཚེ་རིང་ལགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གྱི་ལས་ཁུར་འགོ་བཙུགས་གནང་ཡོད་འདུག
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ལས་གནས་རྩིས་སྤྲོད་རྩིས་ལེན་སྐབས་འགན་འཛིན་གསར་པ་ཟླ་བ་ཚེ་རིང་ལགས་ཀྱིས་གཏམ་བཤད་སྤེལ་བའི་སྐབས། སྲིད་བྱུས་ཉམས་ཞིབ་ཁང་གི་གལ་གནད་དང་། དེ་བཞིན་ཉམས་ཞིབ་ཁང་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྣེ་ཁྲིད་འོག་བོད་གནས་ལས་དོན་ཁག་གཅིག་སྒྲིལ་གྱི་ནུས་པ་ཐོན་རྒྱུར་འབད་བརྩོན་གནང་ཏེ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཞིབ་འཇུག་གྲངས་ཐོ་དང་གནས་ཚུལ་ཁག་གི་ཐོག་ཞིབ་འཇུག་ལས་དོན་སྤེལ་རྒྱུའི་འགན་ཁྲི་དེ་བས་ཟབ་ཏུ་གཏོང་རྒྱུའི་འབད་རྩོན་གནང་རྒྱུ་ཡིན་པ་སོགས་གསུངས་ཡོད་འདུག
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གསར་པ་ཟླ་བ་ཚེ་རིང་ལགས་ཀྱིས་ཕྱི་ལོ་༢༠༠༨་ལོའི་ཕྱི་ཟླ་གཉིས་པའི་ཚེས་༢༧་ཉིན་ཐེ་ཝན་དོན་གཅོད་དུ་ལས་འགན་བཀོད་སྒྲིག་གནང་ཡོད་པ་དང་། དེ་ནས་བཟུང་འདས་པའི་ལོ་ངོ་བཅུ་གཉིས་ཙམ་རིང་ཐེ་ཝན་དོན་གཅོད་ཀྱི་ཐུགས་འགན་བཞེས་ནས། ཐེ་ཝན་གྱི་སྤྱི་ཚོགས་ནང་བོད་དོན་ངོ་སྤྲོད་དང་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་སོགས་ཀྱི་ཤེས་རྟོགས་ཐུབ་རྒྱུར་ལས་དོན་མང་པོ་ཞིག་སྤེལ་གནང་ཡོད་པ་རེད།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།