རྡ་རམ་ས་ལར་རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག་གི་སྐབས་རེ་བ་དང་གདོང་ལེན་སྐོར་ཚོགས་འདུ་འཚོགས་རྒྱུ་རེད།
བཞུགས་སྒར་རྡ་རམ་ས་ལར་རྒྱལ་སྤྱིའི་ཆབ་སྲིད་རང་བཞིན་ལ་འགྱུར་འགྲོ་ལྡོག་འགྲོ་བཞིན་པའི་དུས་འདིར། རྒྱ་ནག་གི་བཙན་གནོན་དང་དྲག་ངོམས་བྱེད་ཡུལ་མི་རིགས་ཚོར་རེ་བ་ཇི་ཡོད་དང་གདོང་ལེན་བྱེད་ཕྱོགས་ཐད་ཚོགས་འདུ་ཞིག་བསྐོང་ཚོགས་གནང་རྒྱུ་ཡིན་པ་དེའི་ཐོག རྒྱ་རིགས་དམངས་གཙོ་དོན་གཉེར་བ་འདས་པོ་ལིའུ་ཞོ་པོ་ཡི་ལྕམ་ལིའུ་ཞཱ་ལགས་ཀྱང་ཚོགས་ཞུགས་གནང་གཏན་འཁེལ་ཡོད་འདུག
ཚོགས་འདུ་འདི་ནི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་གནང་པ་ཞིག་ཡིན་པ་དང་། ཕྱི་ཟླ་༦པའི་ཚེས་༨ནས་༡༠བར་ཉིན་གསུམ་རིང་འཚོགས་རྒྱུ་ཡིན་འདུག་ཅིང་། ཚོགས་འདུ་འདིའི་ཐོག་བོད་རིགས་དང་། ཡུ་གུར། སོག་པོ། ཐེ་ཝན། ཧོང་ཀོང་སོགས་ཀྱི་རང་དབང་འཐབ་རྩོད་གནང་མཁན། གཞན་ཡང་ཉམས་ཞིབ་པ་སོགས་གདན་ཞུ་གནང་འདུག་ལ། དམིགས་བསལ་རྒྱ་ནག་གི་དམངས་གཙོ་དོན་གཉེར་ཅན་གྲགས་ཅན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་བ། རྒྱ་རིགས་ཤེས་ཡོན་པ་འདས་པོ་ལིའུ་ཞོ་པོ་ལགས་ཀྱི་སྐུ་ཟླ་ལིའུ་ཞཱ་ལགས་ཀྱང་ཆེད་བཅར་གནང་རྒྱུ་ཡིན་འདུག ལིའུ་ཞཱ་ལགས་འཇར་མན་དུ་གཏན་སྡོད་བྱས་པ་ནས་ཕྱི་ལ་འབྲེལ་བ་ཧ་ཅང་ཉུང་ཉུང་ཡིན་ནའང་། ཁོང་ནི་༧གོང་ས་མཆོག་ལ་གུས་བརྩེ་ཆེན་པོ་ཞུ་མཁན་ཞིག་ཡིན་པ་དང་། ཁོང་གི་སྐུ་ཟླ་འདས་པོ་ལིའུ་ཞོ་པོ་འདས་པོ་ནི་བོད་མི་ཚོར་དགའ་ཞེན་ཆེན་པོ་གནང་མཁན་ཞིག་ཡིན་པ་བོད་ཀྱི་སྲིད་བྱུས་ཉམས་ཁང་གི་འབྲེལ་མཐུད་པ་དང་ཉམས་ཞིབ་པ་ཕན་ཐོགས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ད་རེས་ཀྱི་ཚོགས་འདུ་འདིའི་ཐོག་ལོ་རྒྱུས་ཐོག་གི་བོད་དང་རྒྱ་ནག་དབར་གྱི་འབྲེལ་ལམ་དང་རྒྱ་ནག་གིས་བོད་ཐོག་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་སྐོར་དང་། ཐེ་ཝན་རང་དབང་གྱི་གནས་སྟངས་དང་རྒྱ་ནག་གི་ཤུགས་རྐྱེན། ཡུ་གུར་མི་རིགས་ཀྱི་གནས་བབས། བོད་དང་ཡུ་གུར་མི་རིགས་དབར་ཐོུང་གི་གནས་སྟངས། ཧོང་ཀོང་གི་གནས་བབས་དང་བོད་ནང་བྱུང་བའི་གནས་སྟངས་ཀྱི་འདྲ་མཚུངས། སོག་ཡུལ་དང་ལྷག་པར་ནང་སོག་ནང་གི་གནས་སྟངས་སྐོར་གྲོས་བསྡུར་གནང་རྒྱུ་ཡིན་འདུག དམིགས་བསལ་ད་རེས་ཀྱི་ཚོགས་འདུ་འདིའི་ཐོག་ཨ་རི་གཙོ་ནུབ་ཕྱོགས་ཡུལ་གྲུ་ཁག་དང་རྒྱ་ནག་དབར་གྱི་འབྲེལ་བའི་རང་བཞིན་ལ་འགྱུར་ལྡོག་འགྲོ་བཞིན་པའི་དུས་འདིར། རྒྱ་ནག་གི་བཙན་གནོན་དང་ཤུགས་གནོན་སྤྲོད་ཡུལ་མི་རིགས་ཁག་ནས་ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་གདོང་ལེན་བྱེད་ཕྱོགས་དང་། ཆབ་སྲིད་འགྱུར་གྲོས་ཀྱི་འཕེལ་རིམ་འདིའི་ཐོག་ནས་རེ་བ་བྱ་ཡུལ་ཇི་ཡོད་སོགས་ཀྱི་ཐད་ཉིན་གྲངས་གསུམ་རིང་བཀའ་བསྡུར་གནང་རྒྱུ་ཡིན་འདུག
ཚོགས་འདུ་དེའི་དབུ་འབྱེད་སྒོ་བཞུགས་སྒར་གངས་སྐྱིད་དུ་གནང་སྐབས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སོགས་ཆེད་དུ་བཅར་གཏན་འཁེལ་ཡོད་པ་དང་། ཚོགས་འདུའི་དངོས་གཞི་ཁག་བཞུགས་སྒར་ཉེ་འཁྲིས་སཱ་ར་མཐོ་སློབ་ཏུ་གནང་རྒྱུ་ཡིན་ཅིང་། སྤྱི་ཚེས་༡༠རེས་གཟའ་སྤེན་པ་ཉིན་མོར་བཞུགས་སྒར་ཕོ་བྲང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་འདས་པོ་ལིའུ་ཞོ་པོ་ཡི་སྐུ་ཟླ་ལིའུ་ཞཱ་དང་། རྒྱ་ནག་གི་དྲུག་བཞིའི་མང་གཙོ་དོན་གཉེར་བ་ཡུ་གུར་མི་རིགས་ཝུ་ཨུར་ཁ་ཤི་སོགས་ལ་དམིགས་བསལ་མཇལ་ཁ་སྩལ་གཏན་འཁེལ་ཡོད་འདུག
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།