བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པ་རྡ་རམ་ས་ལར་ཚོགས་བཞིན་འདུག
སྤྱི་ཟླ་ ༡ པོའི་ཚེས་ ༧ ཉིན་ནས་བཟུང་ཉིན་གྲངས་གསུམ་རིང་བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པ་དེ་བཞིན་བསྐོང་ཚོགས་གནང་བཞིན་པ་ལྟར། འདི་ཚེས་ ༧ ཉིན་ཚོགས་ཆེན་དངོས་སུ་དབུ་འཛུགས་ཀྱིས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་ཕྲུག་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་སོགས་གྲོས་གཞི་བཞིའི་ཐོག་སློབ་གྲྭ་ཁག་གི་འགན་འཛིན་དང་། དགེ་རྒན་ཉིས་བརྒྱ་ལྷག་མཉམ་ཞུགས་ཐོག་གྲོས་བསྡུར་གནང་རྒྱུ་རེད་འདུག
དེ་ཡང་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ད་ལྟའི་ཆར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་པའི་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་འགྲོ་བཞིན་པ་ཚང་མས་ཤེས་གསལ་ཡིན་པ་ལྟར། མ་འོངས་པར་འཛིན་སྐྱོང་དེ་རྒྱུན་གནས་ཐུབ་པར་རྒྱལ་ཁབ་གྱི་ཡུལ་ཁྲིམས་བརྟན་པོ་འཁྱེར་དགོས་པ་བཞིན། སློབ་གྲྭ་སོ་སོའི་ས་ཆའི་དཀའ་ངལ་ཡོད་པ་རྣམས་སེལ་ཐུབ་པའི་ཐབས་ལམ་དང་ཡིག་ཆ་རྣམས་ནང་སྲིད་དང་འབྲེལ་ཡོད་ལྷན་ཁང་ཁག་ནས་ཉར་ཚགས་གནང་རྒྱུ་མ་ཟད། འབྱུང་འགྱུར་ཤེས་རིག་ཚོགས་ཆེན་ཐོག་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཤེས་ཡོན་སྡེ་ཚན་གྱི་འགོ་ཁྲིད་རྣམ་པའང་མཉམ་ཞུགས་གནང་དགོས་སྐོར་ལམ་སྟོན་གནང་སོང་།
གཞན་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་དགེ་རྒན་རྣམས་ནས་སློབ་མའི་ཤེས་ཚད་དང་འཚམས་པའི་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་དང་། ལྷག་པར་སློབ་མའི་རྒྱུད་ལ་ཤེས་ཡོན་ཐོག་སྤྲོ་སྣང་སྤེལ་རྒྱུ་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཡིན་པ་གསུངས་སོང་།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཀྱིས་ཚོགས་ཆེན་གྱི་གྲོས་གཞི་ཁག་ངོ་སྤྲོད་དང་སྦྲགས། དེང་སྐབས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་ཕྲུག་སློབ་མའི་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་ཙམ་མ་ཡིན་པར། བོད་མིའི་སྤྱི་ཚོགས་ཁྲོད་ངོ་རྟགས་ཆོད་དཀའ་བའི་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་གི་གྲངས་འབོར་མཐོ་རུ་འགྲོ་བཞིན་ཡོད་པར་ཐུགས་འཚབ་བསྟན་གནང་སོང་།
གཞན་ཡང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ནས། སྤྱིར་ཤེས་རིག་ཚོགས་ཆེན་དེ་བཞིན་ལོ་ ༥ དང་ ༦ ཡི་མཚམས་ལ་ཐེངས་རེར་འཚོགས་བཞིན་ཡོད་སྐོར་ངོ་སྤྲོད་དང་འབྲེལ། འདས་པའི་ལོ་ཤས་ནང་ཤེས་རིག་ཚོགས་ཆེན་ཐེངས་ ༧ ཙམ་འཚོགས་ཡོད་པ་རྣམས་ཀྱི་གྲོས་ཆོད་ཁག་གི་ཁྱོན་ཡོངས་ཀྱི་གྲུབ་འབྲས་སྐོར་འགྲེལ་བརྗོད་གནང་བྱུང་།

རྩ་བའི་ཤེས་རིག་ཚོགས་ཆེན་ཐེངས་དང་པོ་དེ་བཞིན་ཕྱི་ལོ་ ༡༩༦༤ ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་འཚོགས་གནང་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་དེ་བཞིན་འདི་ལོའི་ཟླ་བ་ ༡ ཚེས་ ༧ ནས་ ༩ བཅས་ཉིན་གྲངས་༣ རིང་འཚོག་གནང་རྒྱུ་ཡིན་འདུག་ལ། ཚོགས་ཆེན་དེའི་ཐོག་རྒྱ་གར་དང་བལ་ཡུལ་ནང་རྟེན་གཞི་བྱས་པའི་བོད་པའི་སློབ་གྲྭའི་སྡེ་ཁག་གི་སྤྱི་ཁྱབ་འགན་འཛིན་དང་། སློབ་སྤྱི། དགེ་ཆེ། དགེ་རྒན་བཅས་ཁྱོན་ཚོགས་བཅར་བ་ ༢༠༦ མཉམ་ཞུགས་གནང་ཡོད་པ་རེད་འདུག
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།