རྒྱ་ནག་གི་ཁོར་ཡུག་སྲིད་ཇུས་ལ་བརྟེན་ནས་བོད་ཀྱི་ཁོར་ཡུག་ལ་གནོད་ཚབས་ཆེན་པོ་ཐེབས་བཞིན་པ་གསལ་སྟོན།

2021.10.13
རྒྱ་ནག་གི་ཁོར་ཡུག་སྲིད་ཇུས་ལ་བརྟེན་ནས་བོད་ཀྱི་ཁོར་ཡུག་ལ་གནོད་ཚབས་ཆེན་པོ་ཐེབས་བཞིན་པ་གསལ་སྟོན། གནམ་མཚོའི་འགྲམ་དུ།
Reuters

ད་ལམ་རྒྱ་ནག་ཡུན་ནན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཁུང་མེན་དུ། རྒྱལ་སྤྱིའི་སྣ་མང་སྐྱེ་དངོས་དང་འབྲེལ་བའི་ཚོགས་ཆེན་ཞིག་འཚོགས་བཞིན་པ་དང་། རིང་མིན་དབྱིན་ཇིའི་རྒྱལ་ཁབ་དུ་(Glasgow summit)་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཞིག་སྤྱི་ཟླ་༡༠་ཚེས་༣༡་ནས་སྤྱི་ཟླ་༡༡་པའི་ཚེས་༡༢་བར་འཚོགས་རྒྱུ་ཡིན་པར་དམིགས་ནས་བཞུགས་སྒར་དུ་རྡ་རམ་ས་ལར་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། བོད་ཀྱི་ཁོར་ཡུག་གནས་བབ་ཛ་དྲག་ཡིན་པའི་ཐད་སྙན་ཐོ་ཡུན་གནས་མི་ཐུབ་པའི་འབྱུང་འགྱུར་ཞེས་བ་ཞིག་བཏོན་འདུག
སྙན་ཐོའི་ནང་། བོད་ནང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་འབྱུང་རྐྱེན་གཙོ་བོ་ནི། རྒྱ་ནག་སྟེ་འཛམ་གླིང་ཁྱོན་ཡོངས་ཀྱི་རྡོ་སོལ་དང་ས་ཕག ཟངས། ཧ་ཡང་། ཁྲོ་སོགས་ཀྱི་བཟོ་ལས་ཕོན་ཆེ་ཤོས་བེད་སྤྱོད་བྱེད་མཁན་ཡིན་པས། རྒྱ་ནག་གི་བཟོ་གྲྭས་བོད་ཀྱི་རི་ཆུ་ནགས་གསུམ་གཙོས་རང་བྱུང་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་ལ་ངན་ཕྱོགས་ནས་ཤུགས་རྐྱེན་ཤིན་ཏུ་ཆེན་པོ་སྤྲད་ཡོད། དུག་རླངས་གི་འབྱུང་ཁུངས་དངོས་ལ་སྔར་བཞིན་ཚོད་འཛིན་མི་བྱེད་པར་གནམ་གཤིས་འགྱུར་ལྡོག་གི་གནོད་འཚེ་འགོག་པར་བསྙད་ནས་རྒྱ་ནག་གིས་བོད་མཐོ་སྒང་གི་གཙང་ཆུའི་འགོ་ཁུངས་སོགས་སུ་རྒྱལ་ཁབ་ཀྱི་སྤྱི་གླིང་བཙུགས་ཏེ་དོ་དམ་བྱེད་ཀྱི་ཡོད་ཚུལ་དང་། རྒྱ་ནག་གཞུང་གིས་དུག་རླངས་གི་ཉེན་འགོག་དང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་ནས་བོད་མཐོ་སྒང་གི་འབྲོག་མི་རྣམས་བཙན་དབང་གིས་གནས་སྤོར་བྱེད་དུ་བཅུག་པ་མ་ཟད། བོད་མི་ཚོར་རྒྱལ་སྤྱིའི་ཁོར་ཡུག་གུན་གསབ་ཀྱི་ཁྲིམས་སྲོལ་དང་མཐུན་པར་ཁོར་ཡུག་གི་གུན་གསབ་ཚུལ་བཞིན་སྤྲོད་ཀྱི་མེད་པའི་དཔང་རྟགས་སོགས་གསལ་སྟོན་གནང་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཉི་འོད་ལགས་ཀྱིས་གསུངས་ན། ཁོང་ཚོས་སྙན་ཐོ་དེར་བོད་ནང་གི་ཁོར་ཡུག་འགྱུར་ལྡོག་དེ་འཛམ་གླིང་སྤྱི་ལ་ཧ་ཅང་གལ་ཆེན་ཆགས་ཀྱི་ཡོད་པས། ད་རེས་ཁོར་ཡུག་ཚོགས་ཆེན་དུ་བོད་ཀྱི་ཁོར་ཡུག་གནས་སྟངས་གླེང་སློང་གནང་དགོས་པ་ནན་བརྗོད་བྱས་ཡོད་འདུག
བོད་ནང་ཆེད་བསྐྱོད་ཀྱིས་བོད་ཀྱི་ཁོར་ཡུག་ལ་ཉམས་ཞིབ་གནང་མཁན་བློ་བཟང་དབྱངས་འཚོ་ལགས་ནས། གནམ་གཤིས་ཚ་དྲོད་ནི་བོད་ལ་འཛམ་གླིང་གི་ཡུལ་གཞན་དང་བསྡུར་ན། ལྡབ་གཉིས་གསུམ་གྱིས་ཡར་འཕར་བཞིན་པའི་རྐྱེན་གྱིས་བོད་ཀྱི་གཏན་འཇགས་འཁྱགས་རོམ་བཞུར་ཏེ། གཙང་བོ་ཆེ་ཁག་གི་མགོ་ཁུངས་སྐམ་པ་དང་མཁའ་རླུང་འཛོར་པོ་འཁྱགས་དར་དུ་འཛིན་མི་ཐུབ་པའི་དཀའ་ངལ་ཡོད་པར་བརྟེན། དེ་ལ་དོ་སྣང་ཡོང་བར་ཁོར་ཡུག་ཚོགས་ཆེན་དུ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་གལ་ཆེན་ཡིན་པ་དང་། ད་ལྟ་བོད་ནང་ཁོར་ཡུག་གི་ཛ་དྲག་གནས་སྟངས་ཆེ་ཤོས་ཤིག་ནི། གཏེར་ཁ་བསྔོག་འདོན་གྱིས་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་ཐེབས་བཞིན་པ་འགྲེལ་བརྗོད་གནང་གི་འདུག
ཡང་རྒྱ་གར་གྱི་ཁོར་ཡུག་སྲུང་སྐྱོབ་པ་མེར་ཛཱ་རཀྷ་མན་ལགས་ནས། བོད་མཐོ་སྒང་ནི་བོད་ཙམ་མ་ཟད་ཧི་མ་ལ་ཡའི་རི་བརྒྱུད་དུ་ཧ་ཅང་གལ་ཆེན་ཆགས་ཡོད་པ། ཉེ་ལམ་ས་གནས་ལ་ཞིབ་འཇུག་བྱས་པའི་སྙན་ཐོ་ཁག་ཏུ་ཐོན་བཞིན་པ་སོགས་འགྲེལ་བརྗོད་གནང་གི་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། སྤྱི་ཟླ་༡༠་པའི་ཚེས་༡༡་ཉིན་བཏོན་པའི་ཁོར་ཡུག་སྙན་ཐོ་དེར། གནམ་གཤིས་འགྱུར་ལྡོག་གིས་བོད་མིའི་འཚོ་གནས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་པ་ཡིན་ནའང་། རྒྱ་ནག་ནི་ད་དུང་ཡང་འཛམ་གླིང་གི་རྡོ་སོལ་དང་ཟངས་ལྕགས། ཧ་ཡང་སོགས་ཐོན་སྐྱེད་བྱེད་མཁན་ཆེ་ཤོས་དེ་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་ནང་སྤྱི་གླིང་མང་པོ་བཟོ་བསྐྲུན་སོགས། བོད་ལ་ཁ་གཡར་ནས་སོ་སོ་ཁོར་ཡུག་སྲུང་སྐྱོབ་པ་ཞིག་ཡིན་པའི་རྣམ་འགྱུར་སྟོན་ཅི་ཐུབ་བྱེད་བཞིན་པ་རེད་དེ། ད་རུང་ཡང་རྒྱ་ནག་ནི་འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་རྐྱེན་རྩ་ཆེ་ཤོས་སུ་གྱུར་པ་གསལ་སྟོན་གནང་འདུག

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎