བོད་གོ་ལའི་སྣེ་གསུམ་པ་ཞེས་པའི་རུ་ཁག་ཀྱང་པེ་རིསི་རུ་འབྱོར་བ།
2015.12.01
ད་ལྟའི་བོད་ཀྱི་ཁོར་ཡུག་གི་གནས་བབ་མཉམ་འབྲེལ་རྒྱལ་ཚོཊ་ཀྱི་ཁོར་ཡུག་ཚོགས་འདུའི་གྲོས་གཞིའི་ཆ་ཤས་སུ་ཚུད་ཐབས་བྱ་རྒྱུ་ཡིན་པ།
དེ་ཡང་ཁ་ས་ཕྱི་ཟླ་༡༡ཚེས་༣༠ཉིན་རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་དེ་ཧྥ་རན་སིའི་རྒྱལ་ས་པེ་རིསི་རུ་དངོས་སུ་འགོ་ཚུགས་ཤིང་། ལྷན་ཚོགས་དེའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་ལས་ཁང་གིས་སྣེ་ཁྲིད་པའི་བོད་གོ་ལའི་སྣེ་གསུམ་པ་ཞེས་པའི་རུ་ཁག་ཀྱང་པེ་རིསི་རུ་འབྱོར་ཏེ། འཛམ་གླིང་ཡུལ་གྲུ་ཁག་གིས་དབུ་ཁྲིད་ཚོས་བོད་ཀྱི་ཁོར་ཡུག་གི་གནས་བབ་དེ་འཛམ་གླིང་ནང་གལ་གནད་ཆེ་བའི་རང་བཞིན་ཞིག་ཏུ་ངོས་འཛིན་གནང་ཐབས་འབོད་སྐུལ་ཞུ་རྒྱུ་ཡིན་འདུག་པར་མ་ཟད། བོད་ཀྱི་ཁོར་ཡུག་གི་གནས་བབ་འདི་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་འདུའི་གྲོས་གཞིའི་ཆ་ཤས་ཤིག་ཏུ་ཚུད་ཐབས་བྱ་རྒྱུ་ཡིན་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འདི་ལོ་ཕྱི་ཟླ་༡༠ཚེས་༢༠ནས་COP21གྱི་འཛམ་གླིང་ཁོར་ཡུག་ཚོགས་ཆེན་འདིའི་ཐོག་བོད་དོན་ལས་འགུལ་སྤེལ་རྒྱུ་འགོ་བཙུགས་བྱས་ཤིང་། སྐབས་དེར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་བརྙན་འཕྲིན་བརྒྱུད་གསུང་འཕྲིན་ཞིག་བསྩལ་གནང་མཛད་ཡོད་པ་དེའི་ནང་། འཛམ་གླིང་ནང་གི་དཀའ་རྙོག་ཁག་ནི་མང་ཆེ་བ་མིས་བཟོས་པ་ཡིན་སྟབས། དེ་དག་སེལ་ཐབས་ཀྱང་མིས་བྱེད་ཀྱི་རེད་ཅེས་དང་། འཛམ་གླིང་གི་ཚ་དྲོད་རྒྱས་པ་དང་དེ་མིན་རང་འབྱུང་གི་གནོད་པའི་རྐྱེན་གྱིས་འཛམ་གླིང་ནང་འགྲོ་བ་མིའི་རིགས་ཆགས་མ་ཐུབ་པའི་གནས་སྟངས་ཞིག་ཆགས་ཚེ། ང་ཚོ་འཛམ་གླིང་འདི་ནས་གླིང་གཞན་ཞིག་ཏུ་གནས་སྤོ་བྱ་ཡུལ་མེད་སྟབས། ངེས་པར་ཁོག་ཡུག་ལ་བདག་གཅེས་བྱེད་དགོས་གལ་ཆེ་བའི་སྐོར་བཀའ་སློབ་ཕེབས་པར་མ་ཟད། ལྷག་པར་དུ་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གནད་དོན་ནི་བོད་མི་ཁོ་ནར་འབྲེལ་བ་ཆགས་པ་ཞིག་མིན་པར། འཛམ་གླིང་ནང་གི་མི་ཐེར་འབུམ་གཅིག་ལྷག་གི་འཚོ་གནས་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། ངེས་པར་བོད་མཐོ་སྒང་ངམ་ཚན་རིག་པ་ཚོས་གོ་ལའི་སྣེ་གསུམ་པ་ཞེས་འབོད་པའི་མངའ་ཁུལ་དེའི་ཁོར་ཡུག་ལ་དོ་སྣང་བྱ་དགོས་གལ་ཆེ་བའི་སྐོར་བཀའ་སློབ་ཕེབས་ཡོད་པ་རེད།
རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་སྟེང་ཨ་མི་རི་ཀའི་སྲིད་འཛིན་བྷ་རཀ་ཨོ་བྷཱ་མ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་སོགས་ཡུལ་གྲུ་༡༥༠ཙམ་གྱི་དབུ་ཁྲིད་ལྷན་ཚོགས་དེའི་ཐོག་ཆེད་ཕེབས་གནང་ཡོད་ཅིང་། ཁྱོན་བསྡོམས་རྒྱལ་ཁབ་༡༩༤ཙམ་གྱི་སྐུ་ཚབ་ནས་གོ་ལའི་གནམ་གཤིས་ཚ་དྲོད་རྒྱས་བཞིན་པ་འགོག་ཐབས་ཆེད་ནུས་པ་ལྡན་པའི་གྲོས་མཐུན་ཞིག་འཇོག་ཐུབ་རྒྱུར་རེ་བ་ཆེན་པོ་བྱེད་བཞིན་ཡོད་པ་རེད།
ཐེངས་འདིའི་ང་ཚོའི་གནད་དོན་གླེང་མོལ་གྱི་ལས་རིམ་འདིའི་ནང་འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་སྐོར་ལ་འབྲེལ་ཡོད་དང་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ་སྥྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།