ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་བོད་ཐེ་བའི་རྒྱ་ནག་ནང་གི་ཆབ་སྲིད་བཙོན་པའི་སྐོར་གླེང་འདུག

2024.01.11
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་བོད་ཐེ་བའི་རྒྱ་ནག་ནང་གི་ཆབ་སྲིད་བཙོན་པའི་སྐོར་གླེང་འདུག ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཟུང་འབྲེལ་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་(Chris Smith)་ལགས།
CECC

དེ་ཡང་འདི་ཚེས་༡༠ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་(CECC)་ཡིས་ཨ་རིའི་(Biden)་གཞུང་འཛིན་ལ་རིང་མིན་མཉམ་འབྲེལ་རྒྱལ་ཚོགས་ནང་། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས་ཁག་ལག་བསྟར་ཇི་ཙམ་བྱས་མིན་ཐད་དུས་བཀག་བསྐྱར་ཞིབ་ཚོགས་སྐབས་བོད་ཐེ་བའི་རྒྱ་ནག་ནང་གི་ཆབ་སྲིད་བཙོན་པའི་སྐོར་ཞིབ་ཕྲ་གླེང་སློང་བྱེད་དགོས་པའི་འབོད་སྐུལ་གནང་བ་དང་མཉམ་བོད་ཀྱི་ཆབ་སྲིད་བཙོན་པ་ཁག་ཅིག་མིང་འདོན་གནང་བའི་ནང་། བོད་ནང་གི་ཆབ་སྲིད་བཙོན་པ་གངས་སྐྱེས་སྒྲུབ་པ་སྐྱབས་དང་། བློ་བཟང་འཕྲིན་ལས། ཐུབ་བསྟན་བློ་གྲོས། རོང་བོ་གངས་དཀར་སོགས་ཐེ་བའི་རྒྱ་ནག་ནང་གི་ཆབ་སྲིད་བཙོན་པ་ཁག་ཅིག་གི་མིང་རེ་རེ་བཞིན་བཀོད་ནས་དེ་དག་ནི་ཆེས་སེམས་ཚབས་བྱེད་ཡུལ་གྱི་ཆབ་སྲིད་བཙོན་པ་དག་ཡིན་པ་བཀོད་འདུག
དེ་ནི་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་ཚོགས་པར་གཟའ་འཁོར་གཉིས་ཙམ་ལས་མེད་པའི་སྐབས་དང་བསྟུན་ཡིག་ཐོག་ནས་ཆབ་སྲིད་བཙོན་པ་དང་བཀག་བསྐྱིལ་བྱས་པའི་རྒྱ་མི་དང་ཨ་རིའི་མི་སེར་གྱི་ཐོ་གཞུང་ཕྱིར་བཏོན་བྱས་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ནག་གི་བསྐྱར་ཞིབ་ལྷན་ཚོགས་དེས་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་རྒྱ་ནག་གིས་གང་བྱུང་ཆབ་སྲིད་བཙོན་པ་དང་དྲང་བདེན་མིན་པའི་ཐོག་ནས་འཛིན་བཟུང་ཁྲིམས་ཐག་བཅད་པ་དང་། ཨ་རིའི་མི་སེར་འཛིན་བཟུང་བྱས་པའི་གནད་དོན་ཁག་གླེང་སློང་ཐུབ་པའི་གོ་སྐབས་ཞིག་སྤྲོད་ཡོད་པ་རེད་ཅེས་བྲིས་འདུག་པའི་ཁར། ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་གྱིས་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་ལས་ཀྱིས་གནད་དོན་དེ་འབྲེལ་ཀྱི་མིང་རེ་རེ་བཞིན་དངོས་སུ་བཏོན་ནས་དོན་དག་དེའི་སྐོར་གླེང་སློང་ཡོང་བར་ང་ཚོས་འབོད་སྐུལ་བྱེད་བཞིན་ཡོད་ཅེས་བརྗོད་འདུག

དེའི་ཐད་དེ་སྔ་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་ཐེངས་༤༥་པ་དེ་གནང་རྒྱུ་ཡིན་པར། རྒྱ་ནག་ལ་འདྲི་རྩད་གནང་རྒྱུའི་བོད་དོན་སྐོར་ཀྱི་དྲི་བ་ཁག་སྐབས་དེ་དུས་ནས་གྲ་སྒྲིག་གནང་བཞིན་ཡོད་པ་འདི་ག་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་དྲི་བར་ཡིག་ཐོག་ལན་འདེབས་གནང་པའི་ནང་གསུང་ཡོད་པ་རེད་ལ། ཨ་མི་རི་ཀས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་འགྲོ་བཞིན་པར་དུས་རྟག་དུ་བློ་འཚབ་ཆེན་པོ་གནང་བཞིན་ཡོད་པའང་གསུངས་ཡོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ཀྱི་གནད་དོན་བསྐྱར་ཞིབ་དེ་ནི་སྤྱི་ཟླ་དང་པོའི་ཚེས་༢༣་ཉིན་སྤེལ་རྒྱུ་ཡིན་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དྲ་ཐོག་ཏུ་གསལ་འདུག
དེ་འབྲེལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཡང་མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བསྐྱར་ཞིབ་ཟླ་བ་འདིའི་ནང་ཚོགས་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་ཚོར་བོད་སྐོར་ཀྱི་གནད་དོན་གླེང་གློང་གནང་དགོས་པའི་སྙན་ཞུ་ཡིག་ཆ་ཞིག་གྲ་སྒྲིག་གིས་དེའི་ཐོག་ས་རྟགས་འཁོད་དགོས་པའི་འབོད་སྐུལ་ལས་འགུལ་སྤེལ་བཞིན་པ་དང་། དེའི་ནང་དོན་ཚན་ཁག་བཞི་བཀོད་པ་སྟེ། བོད་ནི་འཛམ་གླིང་ནང་གི་ཆེས་རང་དབང་མེད་པའི་རྒྱལ་ཁབ་སྐྱོ་ཤོས་ཞིག་ཡིན་པ་དང་། བོད་ཕྲུག་ས་ཡ་གཅིག་ཙམ་སོ་སོའི་ཕ་མ་དང་ཁ་ཐག་བྲལ་བའི་བཅའ་སྡོད་སློབ་གྲྭར་བཅུག་ནས་བཞག་ཡོད་པ། སྤྱི་ལོ་༡༩༥༩་ལོ་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་བོད་ནང་ཕེབས་བཅུག་མེད་པ། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་དང་རིག་གཞུང་རྩ་བརླག་གཏོང་ཐབས་བྱེད་བཞིན་ཡོད་པ་སོགས་བཀོད་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཡང་ཟླ་སྔོན་མར་ཨ་རི་གཞུང་ལ་མཉམ་འབྲེལ་རྒྱལ་ཚོགས་ནང་གི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་སྐབས་བོད་སྐོར་ཀྱི་གནད་དོན་གསལ་བཏོན་བྱེད་དགོས་ཞེས་འབོད་སྐུལ་ཞུས་ཡོད་པ་རེད།


གསར་འགོད་པ། ཆོས་སྐྱིད། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎