རྒྱལ་སྤྱིའི་ཚོགས་སྡེ་ཁག་མང་པོས་སྡེ་དགེ་ཕྱོགས་ཀྱི་གནས་སྟངས་ལ་བློ་ཚབས་དང་བཅས་རྒྱ་ནག་ལ་སྐྱོན་བརྗོད་གནང་འདུག

2024.02.27
རྒྱལ་སྤྱིའི་ཚོགས་སྡེ་ཁག་མང་པོས་སྡེ་དགེ་ཕྱོགས་ཀྱི་གནས་སྟངས་ལ་བློ་ཚབས་དང་བཅས་རྒྱ་ནག་ལ་སྐྱོན་བརྗོད་གནང་འདུག རྒྱ་ནག་གི་ཉེན་རྟོག་པས་ཁམས་སྡེ་དགེ་རྫོང་ཁོངས་དབོན་སྟོད་ཁུལ་དུ་བོད་མི་ཚོ་འཛིན་བཟུང་སྐབས། ༠༢།༢༢།༢༠༢༤
བོད་འབྱོར། མི་སེར་གསར་འགོད་པ།

དེ་ཡང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་(CECC: Congressional Executive Commission on China)་ཀྱི་ཚོགས་གཙོས་སྤྱི་ཚོགས་དྲྭ་རྒྱ་(X)་བརྒྱུད། སྡེ་དགེ་རྫོང་ཁོངས་འབྲི་ཆུའི་བཞུར་རྒྱུན་དུ་ཆུ་མཛོད་གློག་ཁང་གསར་རྒྱག་ལས་གཞིའི་དགོས་མཁོ་ལྟར། ཁུལ་དེའི་གྲོང་སྡེ་གཉིས་དང་དགོན་པ་དྲུག་གནས་སྤོར་དགོས་པའི་བཙན་བཀའ་བཏང་བར་ས་གནས་བོད་མི་ཚོས་ཞི་བའི་ཞུ་འབོད་དང་ངོ་རྒོལ་བྱས་པའི་ཐོག་རྒྱ་ནག་གི་ཉེན་རྟོག་པས་དྲག་གནོན་བྱས་པར་སྐྱོན་བརྗོད་བྱས་པ་དང་ཆབས་ཅིག བཀག་ཉར་འོག་ཡོད་པའི་བོད་མི་ཚོ་འཕྲལ་མར་གློད་དགོས་པ་དང་། རྒྱ་ནག་གཞུང་གིས་ངེས་པར་དུ་བོད་ཀྱི་ནང་བསྟན་དགོན་པའི་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་དགོས་ཞེས་འབོད་སྐུལ་གནང་འདུག

ཨ་རིའི་ནང་གི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་(CHRD)་ཞེས་པའི་ཉམས་ཞིབ་པ་དང་ཞུ་གཏུག་འབྲེལ་མཐུད་པ་(William Nee)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ང་ཚོའི་ཚོགས་པའི་ངོས་ནས་ད་ཐེངས་རྒྱ་ནག་གཞུང་གིས་སྡེ་དགེ་ནས་འཛིན་བཟུང་བྱས་བའི་ས་གནས་བོད་མི་རྣམས་ཀྱི་གནས་སྟངས་ཐད་བློ་ཚབས་ཡོད། ལྷག་པར་དུ་འཛིན་བཟུང་བྱས་བའི་བོད་མི་རྣམས་ལ་གཅར་རྡུང་དང་། ཟ་མ་ཡག་པོ་མ་སྤྲད་པ་སོགས་ཀྱི་གནས་ཚུལ་ཐོན་བཞིན་པས་ན་དེའི་ཐད་བློ་ཚབས་ཡོད། རྒྱ་ནག་གཞུང་གིས་ཆུ་མཛོད་གློག་ཁང་གསར་རྒྱག་གི་ལས་གཞིའི་འོག་བོད་མིའི་སྡོད་ཁང་དང་དགོན་སྡེ་གཏོར་བཤིག། མི་མང་གནས་སྤོར་དགོས་པའི་བཙན་བཀའ་གཏོང་བཞིན་པའི་གནས་སྟངས་དེས་ས་གནས་བོད་མིའི་འཚོ་གནས་དང་རིག་གཞུང་ལ་དོ་ཕོག་ཐེབས་ངེས་བ་མ་ཟད། དུས་རབས་བཅུ་གསུམ་པ་ནས་བཞེངས་བའི་དགོན་སྡེ་ལྡེབས་རིས་མང་པོ་རྩ་མེད་འགྲོ་ངེས་བས། ང་ཚོས་རྒྱ་ནག་གཞུང་ལ་འབྲི་ཆུའི་རྒྱུད་དུ་ཆུ་མཛོད་གློག་ཁང་གསར་རྒྱག་གི་ལས་གཞིའི་འཆར་གཞི་དང་། འཛིན་བཟུང་བྱས་པའི་བོད་མི་རྣམས་ཀྱི་གནས་སྟངས་ཕྱི་གསལ་ནང་གསལ་བཟོ་དགོས་བའི་འབོད་སྐུལ་བྱེད་ཀྱི་ཡོད། མ་ཟད་འཛམ་གླིང་གི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་གི་འཛུགས་བསྐྲུན་ལས་གཞིའི་འོག་ས་གནས་ཀྱི་མི་སེར་ལ་གནོད་པའི་ཉེས་སྐྱོན་བཟོ་བཞིན་པ་དོ་སྣང་ཡོང་བའི་རེ་བ་བྱེད་བཞིན་ཡོད་པ་གསུངས་བྱུང་།
རྒྱ་གར་བྱང་ཕྱོགས་འཕགས་བོད་མཛའ་འབྲེལ་ཚོགས་པའི་འཇའ་མོ་དང་ཀཱ་ཞི་མིར། ལ་དྭགས་ཡན་ལག་ཁང་གི་འགན་འཛིན་གྱིས་ཉེ་ལམ་རྒྱ་ནག་གཞུང་གིས་བོད་མིར་དྲག་གནོན་བྱས་པར་སིན་འབྱིན་དྲག་པོ་བྱས་ཡོད་པ་རེད། ལེགས་ཐོག་ལེགས་འཚོལ་ཉིན་རེའི་ཚགས་པར་གྱིས་ཟླ་༢པའི་ཚེས་༢༦ཉིན་སྤེལ་བའི་གནས་ཚུལ་ནང་། འབྲི་ཆུའི་བཞུར་རྒྱུན་སྡེ་དགེ་དབོན་སྟོད་ས་ཁུལ་དུ་ཆུ་མཛོད་རྒྱག་རྒྱུའི་ལས་འཆར་ལ་ས་གནས་བོད་མི་ཚོས་ཞི་བའི་ངོ་རྒོལ་བྱས་པར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པ་དང་། གལ་ཏེ་ཆུ་མཛོད་དེ་བརྒྱབ་ཚེ་ས་གནས་དགོན་པ་དྲུག་དང་གྲོང་སྡེ་གཉིས་ཆུ་འོག་ཏུ་ནུབ་འགྲོ་བ་རེད་ཅེས་བཀོད་འདུག
ད་བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྤྱི་འཐུས་ཚོགས་གཙོ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ། ཁེ་ན་ཌའི་ཕྱི་སྲིད་ལས་ཁུངས། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་སོགས་ཀྱིས་སྡེ་དགེའི་གནས་སྟངས་ཐད་ཐུགས་འཚབ་འགྲེལ་བརྗོད་གནང་པ་དང་འབྲེལ། བོད་མི་བཀག་ཉར་འོག་ཡོད་པ་རྣམས་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། དེ་བཞིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཨ་རི་དང་ཡོ་རོབ་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་ནང་གི་རྒྱ་ནག་གཞུང་ཚབ་མདུན་གཙོས་ས་གནས་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་རེད་འདུག
རྒྱ་ནག་གཞུང་གིས་སྡེ་དགེ་དབོན་སྟོད་ཁུལ་ཆུ་མཛོད་གློག་ཁང་གསར་རྒྱག་གི་ལས་གཞིའི་འོག་ཉུང་མཐར་དགོན་པ་དྲུག་དང་གྲོང་ཚོ་གཉིས་གནས་སྤོ་བྱེད་དགོས་སྐོར་བརྗོད་བཞིན་ཡོད་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ད་བར་ཤེས་རྟོགས་བྱུང་བའི་དགོན་པ་དྲུག་ནི། སྡེ་དགེ་ཁུལ་གྱི་དབོན་སྟོད་དགོན་དང་ཡ་ནེ། མཁར་མདོ་དགོན་བཅས་ཡིན་ཞིང་། ཡང་ཆབ་མདོ་གྲོང་ཁྱེར་ཁོངས་ཀྱི་རབ་བརྟན་དགོན་དང་། དགོན་སར། བཀྲ་ཤིས་དགོན་བཅས་ཡིན་པ་རེད།

* སྡེ་དགེ་དང་འབྲེལ་བའི་དེའི་སྔོན་གྱི་གནས་ཚུལ་ཁག ཟླ་གཉིས་བའི་ཚེས་༡༤ ཚེས་༢༠ ཚེས་༢༢ ཚེས་༢༤ ཚེས་༢༥ ཚེས་༢༦


གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎