བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་རྐྱེན་བོད་མི་ཞིག་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
དེ་ཡང་ཕྱི་ཟླ་༥པའི་ཚེས་༢༨ཉིན་རྒྱ་ནག་གཞུང་གིས་ཆ་བགོས་བྱས་པའི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གི་བོད་པ་ཞིག་གིས་སོ་སོའི་ཁང་པ་གསར་པའི་སྟེང་། དགོང་མོ་ཁོང་གིས་བསང་བཏང་ནས་རྟེན་འབྲེལ་ཆེད་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ཏེ་བོད་རང་བཙན་ཐོབ་པར་ཤོག་ཅེས་སྨོན་ལམ་བཏབ་ཡོད་འདུག འོན་ཀྱང་ཁོང་གིས་རྒྱལ་དར་དེ་ཞོགས་པར་ཕབ་རྒྱུ་བརྗེད་ནས་གཉིད་ཤོར་ཡོད་པ་དང་། ཕྱི་ཚེས་༢༩ཉིན་ཁོང་ས་གནས་རྒྱ་ནག་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་རྗེས། ད་ལྟ་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཤེས་རྟོགས་མེད་པ་ས་གནས་དཔའ་ཤོད་རང་ནས་རང་ཉིད་ཀྱི་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པའི་མི་སྣ་ཞིག་གིས་ཕྱི་ཚེས་༣༠ཉིན་འདི་གའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ཁང་སྟེང་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་མཁན་བོད་པ་དེའི་མཚན་ལ་རབ་སྒང་བསྟན་འཛིན་ཟེར་ཞིང་། ལོ་ན་༥༡ཡིན་པ་དང་ཁོང་གི་འཚོ་ཐབས་ཞིང་ལས་དང་སྐབས་རེར་ཚོང་ཙག་ཙིག་གཉེར་བྱེད་ཀྱི་ཡོད་འདུག ཁོང་ལ་ཕྲུ་གུ་གསུམ་ཡོད་པ་ནང་ནས་ཆེ་བ་ལོ་༡༠ཙམ་ཡིན་པའི་དཔའ་ཤོད་རྫོང་གི་སློབ་ཆུང་ཞིག་ནང་འགྲོ་གིན་ཡོད་འདུག ཕ་རྒན་དེའི་བྱས་ཉེས་ལ་བརྟེན་ནས་ཁོང་གི་ཕྲུ་གུ་སློབ་གྲྭ་ནས་ཕྱིར་འབུད་བྱ་སྲིད་པའི་ཉེན་ཁ་ཡོད་ལུགས་གྲོང་མི་ཚོས་སེམས་འཚབ་བྱེད་ཀྱི་ཡོད་འདུག
ཡང་གནས་ཚུལ་ཡོང་ཁུངས་གཞན་ཞིག་གིས་བརྗོད་ན། རྒྱ་ནག་གི་ཉེན་རྟོག་པ་ས་གནས་སུ་སླེབས་ནས་གནད་དོན་དེའི་སྐོར་སུ་གཅིག་ལ་བཤད་མི་ཆོག་ཅེས་བརྗོད་འདུག་པ་དང་། དེ་བཤད་མཁན་བྱུང་ཚེ་ཁོང་དང་འདྲ་བའི་ནག་ཉེས་ཡོད་ལུགས་མི་དམངས་ལ་སྡིག་ར་བསྐུལ་འདུག
ཕྱི་ཚེས་༣ཉིན་གྱི་ཞོགས་པ་འདི་ག་རླུང་འཕྲིན་ཁང་གིས་དཔའ་ཤོད་རྫོང་གི་ཉེན་རྟོག་ལས་ཁུངས་ལ་གོང་ཞུས་དོན་རྐྱེན་དང་འབྲེལ་བཅར་འདྲི་བྱས་སྐབས་སུ། ཁ་པར་ལེན་མཁན་དེས་་གནས་ཚུལ་དེ་འདྲ་བྱུང་ཡོད་མེད་ཤེས་ཀྱི་མེད། ང་ཚོ་ཁ་པར་ལེན་མཁན་རང་ཡིན། གནས་ཚུལ་གལ་ཆེན་པོ་རིགས་བྱུང་ཡོད་ན་གོང་རིམ་གྱི་འགོ་ཁྲིད་ཁོ་ནས་མ་གཏོགས་ཤེས་ཀྱི་མ་རེད་ཅེས་བརྗོད་བྱུང་།
དཔའ་ཤོད་ས་ཁུལ་དུ་འདི་ལོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཕེབས་ཡོང་གི་རེད་ཅེས་གཏམ་འཆལ་དང་། བོད་རང་བཙན་མགྱོགས་མྱུར་ཐོབ་རྒྱུ་རེད་ཅེས་སྐད་ཆ་ཞིག་ཁྱབ་བཞིན་ཡོད་འདུག བོད་མི་རབ་སྒང་བསྟན་འཛིན་ཟེར་བ་ཁོང་ལ་གནས་ཚུལ་དེའི་རྐྱེན་པས་སེམས་ཤུགས་འཕར་ནས་རྒྱལ་དར་སྒྲེངས་འཛུགས་བྱས་པ་ཞིག་ཡིན་ལུགས་ཚོད་དཔག་དང་བཅས་མི་མང་ནང་ཁུལ་དུ་བཤད་ཀྱི་ཡོད་འདུག
གོང་ཞུས་ཀྱི་གནས་ཚུལ་དེ་ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱ་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེར་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོབ་ནས་ཉིན་༥རྗེས་སུ་བྱུང་བ་ཞིག་རེད་འདུག ཁྲིམས་འཆར་དེའི་ནང་རྒྱ་བོད་དབར་གྲོས་མོལ་མུ་མཐུད་གནང་ཐུབ་མེད་པའི་འགོག་རྐྱེན་གཙོ་བོ་དེ་ཡང་རྒྱ་ནག་གིས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་སྔོན་འགྲོའི་ཆ་རྐྱེན་བཏོན་པ་དང་། ཆ་རྐྱེན་དེར་སྔ་མོ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ངོས་ལེན་ཞུས་མེད་པ་རེད། ཅེས་གསལ་ཡོད་པ་རེད། དེ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ད་བར་དུ་རྒྱ་ནག་གཞུང་གིས་བོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་ཚུལ་ཕྱིའི་རྒྱལ་ཁབ་ཚང་མ་ལ་བཤད་འཇུག་བཞིན་པས་ན། དེ་ལ་ཁ་གཏད་དང་གདོང་ལེན་བྱེད་པའི་ལམ་ཁ་དང་པོ་དེ་ཁྲིམས་འཆར་འདི་ཆགས་ཡོད། འདི་ནི་བཀའ་ཤག་སྐབས་བཅུ་དྲུག་པས་ཡང་ཡང་བཤད་བཞིན་པ་བོད་ནི་ལོ་རྒྱུས་ཐོག་རང་བཙན་ཡིན་པའི་གནས་བབ་ངོས་འཛིན་དགོས་བ་དང་། རྒྱ་ནག་གཞུང་ལ་ལོ་རྒྱུས་ལ་འཁྱོག་བཤད་བྱས་ན་འགྲིག་ཐབས་མེད་པའི་གོ་བརྡ་སྤྲོད་དགོས་བ་ཡང་གསུངས་ཡོད།
གསར་འགོད་པ། བློ་བཟང་ཆོས་འཕེལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ། བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།