རྒྱ་ནག་གཞུང་གིས་བོད་མི་ཚོའི་ཐོག་མུ་མཐུད་དུ་དྲག་གནོན་བྱེད་བཞིན་པ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཐེར་འདོན་གནང་འདུག

2023.03.30
རྒྱ་ནག་གཞུང་གིས་བོད་མི་ཚོའི་ཐོག་མུ་མཐུད་དུ་དྲག་གནོན་བྱེད་བཞིན་པ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཐེར་འདོན་གནང་འདུག རྒྱ་ནག་གཞུང་གིས་བོད་མི་ཚོའི་ཐོག་མུ་མཐུད་དུ་དྲག་གནོན་བྱེད་བཞིན་པ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་སྙན་ཐོའི་དྲྭ་ངོས།
སྒྲིག་བཟོ།/RFA

དེ་ཡང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་(Amnesty International)་ཕྱི་ལོ་ ༢༠༢༢ལོའི་ཡུལ་ལུང་ཁག་གི་ལོ་འཁོར་སྙན་ཐོ་དེ་བཞིན་ཕྱི་ཟླ་༣ཚེས་༢༨ཉིན་བཏོན་ཡོད་པ་དང་། སྙན་ཐོའི་ནང་བོད་ཀྱི་གནད་དོན་ཐད་བཀོད་པའི་ནང་། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་ཐོག་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་མུ་མཐུད་དུ་ལག་བསྟར་བྱེད་བཞིན་པའི་འོག བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག སྨྲ་བརྗོད་རང་དབང་། འདུ་འཛོམས་རང་དབང་བཅས་པའི་ཐོག་དམ་དྲག་བྱེད་ཀྱི་ཡོད་པ་དང་། ཞི་བའི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུར་ཡང་དམ་དྲག་མུ་མཐུད་དུ་བྱེད་ཀྱི་ཡོད་རེད་ཅེས་དཔེ་མཚོན་ཁག་ཅིག་ལུང་འདྲེན་དང་བཅས་བཀོད་པའི་ནང་། ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་དགུ་པའི་ནང་། ཟི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་ཁུལ་གྱི་ས་གནས་རྒྱ་ནག་གི་ཁྲིམས་ཁང་གིས་གངས་སྐྱེས་སྒྲུབ་པ་སྐྱབས་དང་། གངས་བུ་གཡུ་བྷྲུཾ། བསམ་འགྲུབ། སྲས་རྣམ། གངས་ཚེ་རིང་སྒྲོལ་མ། བསམ་གྲུབ་བཅས་ལ་ཁ་བྲལ་དང་སྤྱི་ཚོགས་བདེ་འཇགས་ལ་ཉེན་ཁ་བཟོ་བའི་ལས་འགུལ་སྤེལ་ཡོད་པའི་ཉེས་མིང་འོག་ལོ་བཞི་ནས་བཅུ་བཞི་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད་ཅེས་དང་། པདྨ་རིན་ཆེན་ལགས་༢༠༢༠ལོ་མཇུག་ཏུ་འཛིན་བཟུང་གིས་ཉེས་ཆད་ཇི་བཀེལ་གྱི་གནས་ཚུལ་གོ་ཐོས་ཙམ་ཡང་མེད་པར་ལྷག་ཡོད་ཐོག གོང་ཞུས་བོད་མི་དྲུག་པོ་དེ་དག་ཕྱི་ལོ་༢༠༢༡ཕྱི་ཟླ་གསུམ་པ་དང་བཞི་པའི་ནང་འཛིན་བཟུང་བྱས་པ་ཞིག་ཡིན་ལུགས་བཀོད་འདུག
རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བཏོན་པའི་སྙན་ཐོའི་ནང་མུ་མཐུད་ནས་བཀོད་པར་ལྟར་ན། ཉེས་ཆད་བཅད་པའི་མི་སྣ་དེ་དག་གིས་དེ་སྔ་རྩོམ་བྲིས་བ་དང་རྒྱ་ནག་གཞུང་ལ་མི་འདོད་པའི་རྣམ་འགྱུར་བསྟན་པ་བཅས་ཀྱི་གནད་དོན་འོག་ནས་འཛིན་བཟུང་དོ་དམ་བྱས་མྱོང་ཡོད་པ་མ་ཟད། ཁོང་ཚོར་སྡུག་སྦྱོང་མནར་གཅོད་ཤུགས་ཆེན་པོ་བཏང་ཡོད་པར་བརྟེན་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་པ་ཡང་བཀོད་འདུག
དེ་དང་ཕྱོགས་མཚུངས་དགེ་འདུན་པ་རིན་ཆེན་ཚུལ་ཁྲིམས་ལགས་ཕྱི་ལོ་༢༠༡༩ལོར་འཛིན་བཟུང་བྱས་པ་ནས་བཟུང་། ཁོང་ལ་ནང་མི་སྤུན་ཉེ་སོགས་ཀྱིས་ཐུག་འཕྲད་བྱེད་རྒྱུར་ཡང་བཀག་འགོག་བྱས་པ་དང་། ཕྱི་ལོ་༢༠༢༠ལོར་ཁོང་ལ་ཁྲིམས་བཤེར་དྲང་བདེན་མེད་པའི་ཐོག་ནས་ལོ་བཞིའི་བཙོན་འཇུག་ཉེས་ཆད་བཅད་ཡོད་པ་སོགས་ཀྱི་གནས་ཚུལ་རྣམས་ལུང་འདྲེན་གནང་སྟེ། བོད་ནང་གི་བོད་མི་དང་ཡུ་གུར་སོགས་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་གྲངས་ཉུང་མི་རིགས་ཚོའི་ཐོག་དྲག་གནོན་གྱི་སྲིད་བྱུས་མུ་མཐུད་དུ་འཛིན་བཞིན་ཡོད་པ་ཐེར་འདོན་གནང་འདུག


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎