རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་གཞུང་ལ་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་མྱུར་དུ་ཀློད་གྲོལ་གཏོང་དགོས་པའི་ཞུ་གཏུག་ཡི་གེ་ཞིག་བཏང་འདུག

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བོད་རྔ་བ་སྣང་ཞིག་དགོན་པའི་སྐུ་ཞབས་རིན་ཆེན་ཚུལ་ཁྲིམས་ལགས་མྱུར་དུ་གློད་གྲོལ་དགོས་པའི་ཞུ་འབོད་ཡི་གེ་ཞིག་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་བཙོན་ཁང་འཛིན་སྐྱོང་ཚན་པའི་འགན་འཛིན་ChenZhilin ཟེར་བའི་མིང་ཐོག་ལ་བཏང་ཡོད་ཅིང་། སྐུ་ཞབས་རིན་ཆེན་ཚུལ་ཁྲིམས་ལགས་ ༢༠༡༩ ལོར་འཛིན་བཟུང་བྱས་པ་ནས་བཟུང་གནས་སྟངས་གང་ཡང་ཤེས་རྟོགས་མེད་པར་ལུས་ཡོད་པས། ཁོང་གི་བདེ་འཇགས་ཐད་བློ་འཚབ་ཆེན་པོ་ཡོད་པ་གསུངས་ཡོད་པ་རེད།
རིན་ཆེན་ཚུལ་ཁྲིམས་ལགས་སུ་འདི་ལོའི་ཕྱི་ཟླ་ ༣ པའི་ནང་ལོ་བཞི་དང་ཟླ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཅིང་། དེ་ཡང་འདི་ལོའི་ཕྱི་ཟླ་ ༨ པའི་ཚེས་ ༢༧ ཉིན་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འདྲི་གཅོད་ལ་ལན་འདེབས་ཡིག་ཆ་ཞིག་འགོད་འབུལ་བྱེད་པའི་ནང་། སྐུ་ཞབས་རིན་ཆེན་ཚུལ་ཁྲིམས་ལགས་ཀྱིས་སྐད་འཕྲིན་བརྒྱུད་རྒྱལ་ཁབ་ཁ་བྲལ་གྱི་ལས་ཀ་བྱས་པར་རྔ་པ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལོ་ ༤ ་ཡི་བཙོན་མཇུག་ཁྲིམས་ཐག་བཅད་ལུགས་ལན་འདེབས་བྱས་ཡོད་པ་རེད།
བཙན་བྱོལ་ནང་དུ་ཡོད་པའི་རིན་ཆེན་ཚུལ་ཁྲིམས་ལགས་ཀྱི་སྲིང་མོ་ཀུན་བཟང་སྒྲོལ་མ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་ནག་གཞུང་གིས་རིན་ཆེན་ཚུལ་ཁྲིམས་ལགས་སུ་བཙོན་འཇུག་ཁྲིམས་ཐག་བཅད་ནས་ལོ་གཅིག་ཙམ་འགྲོ་བཞིན་ཡོད་ན་ཡང་། ད་བར་ཁྲིམས་ལུགས་ཀྱི་འགྲོ་རིམ་ཐོག་ནས་ནང་མི་ཚོར་གསལ་བཤད་གང་ཡང་བྱས་མེད་པ་མ་ཟད། ཁོང་གི་ཕ་མ་གཉིས་ས་གནས་ཉེན་རྟོག་ཁང་དུ་ཐུག་འཕྲད་བྱེད་བཅུག་པའི་རེ་ཞུ་བྱེད་པར་ངོས་ལེན་བྱས་མེད་པ་འགྲེལ་བརྗོད་གནང་བྱུང་།
སྐུ་ཞབས་རིན་ཆེན་ཚུལ་ཁྲིམས་ལགས་ནི་རྔ་པ་ཁཱ་ཤུལ་སྡེ་བའི་གཉེར་བ་ཚང་གི་ཕ་བཀྲིས་དོན་གྲུབ་དང་མ་མཚོ་ལགས་གཉིས་སུ་སྐྱེས་ཤིང་། ད་ཆ་རང་ལོ་༢༩་ཡིན་པ་དང་རང་ལོ་དྲུག་ཙམ་ནས་རྔ་པ་ཡུལ་གྱི་བོན་དགོན་ཆེ་ཤོས་སྣང་ཞིག་དགོན་པར་ཆོས་ཞུགས་བྱས་ཏེ་སྔགས་ཀྱི་འཛིན་གྲྭ་ཐོན་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག