བོད་ཀྱི་ས་ཁུལ་གཞན་ནས་ལྷ་སར་ཡོང་མཁན་ཚོར་རྒྱ་ནག་གཞུང་གིས་དམ་དྲག་ཆེ་རུ་བཏང་ཡོད་འདུག
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༨ལོ་ནས་བཟུང་བོད་ཀྱི་ས་ཁུལ་གཞན་ནས་ལྷ་སར་མཆོད་མཇལ་དང་གནས་སྐོར་དུ་ཡོང་མཁན་ཚོས་ཆོག་མཆན་ཞུ་དགོས་པ་ལག་བསྟར་བྱས་ཡོད་པ་བཞིན། འདི་ལོ་ནས་བཟུང་ཆོག་མཆན་ཞུ་དགོས་བའི་ཐོག་བོད་ཀྱི་ས་ཁུལ་གཞན་ནས་ལྷ་སར་མཆོད་མཇལ་དང་གནས་སྐོར་དུ་ཡོང་མཁན་ཚོ་ལྷ་སར་འབྱོར་རྗེས་ཟིང་འཁྲུག་རིགས་མི་སློང་བ་ཁག་ཐེག་བྱེད་མཁན་ལྷ་སར་གནས་སྡོད་མི་སྣ་མེད་ཚེ་ལྷ་སར་སྡོད་འཇུག་གི་མེད་པ་རེད་འདུག ཉེ་ལམ་ཟླ་བ་འདིའི་ནང་ཁྱུང་མཆུ་ནས་རྐང་ཐང་ལྷ་སར་གནས་སྐོར་བ་ཁག་ཅིག་འབྱོར་སྐབས། ལྷ་སའི་འབྲེལ་ཡོད་ལས་ཁུངས་སུ་འབྱོར་ཐོ་འགོད་བཅུག་རྗེས། ཁག་ཐེག་བྱེད་མཁན་གྲ་སྒྲིག་མེད་པར་བརྟེན་མགྲོན་ཁང་དང་སྡོད་གནས་སོགས་མ་རག་པར་ཉིན་ཤས་ནང་ཕྱིར་ལོག་དགོས་བྱུང་ཡོད་པ་བོད་ནང་གི་འབྲེལ་ཡོད་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་བརྗོད་དོན་ལྟར་ན། སྤྱིར་ལྷ་སར་འགྲོ་བསྐྱོད་ཆོག་པའི་ཡིག་ཆ་དེ་སྔ་ནས་དགོས་བ་དང་། ལྷ་སར་མཆོད་མཇལ་དང་གནས་སྐོར་དུ་འགྲོ་བར་ངེས་པར་དུ་རྫོང་སྲིད་གཞུང་དང་རང་གི་ས་གནས་སྲིད་གཞུང་གི་ཆོག་མཆན་ཞུ་དགོས། ཆོག་མཆན་དེ་ཐོབ་རྗེས་ལྷ་ས་ཁུལ་དུ་གཏན་སྡོད་བྱེད་མཁན་འབྲེལ་ཡོད་ཅིག་གིས་གནས་སྐོར་བ་དེས་ལྷ་ས་ནས་ཟིང་འཁྲུག་རིགས་གང་ཡང་མི་སློང་བ་ཁག་ཐེག་དང་། ལྷ་སར་འབྱོར་རྗེས་ཁག་ཐེག་པས་ས་གནས་སྲིད་གཞུང་གིས་སྤྲད་པའི་ཡིག་ཆར་ས་རྟགས་སོགས་རྒྱག་དགོས་པ་སོགས་བཟོས་ཡོད་པ་ནི། འདི་ལོར་ཏོག་དབྱིབས་རིམས་ནད་ཀྱི་དམ་དྲག་བཀག་རྒྱ་གློད་པའི་རྗེས་སུ་ལག་བསྟར་བྱས་པ་ཞིག་ཡིན་པ་དང་། ཉེ་ལམ་རྔ་བ་དང་། ཉག་རོང་། མཚོ་སྔོན་ཕྱོགས་ནས་ལྷ་སར་འབྱོར་བ་ཁག་ཅིག་ལ་ཁག་ཐེག་མི་སྣ་མེད་པར་བརྟེན་ཉིན་ཤས་རྗེས་ཕྱིར་ཕུད་བཏང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཕྱི་ལོ་༢༠༠༨ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་། རྒྱ་ནག་གཞུང་གིས་ལྷ་སའི་དགོན་སྡེ་ཁག་ཏུ་ཡོད་པའི་བོད་ཀྱི་ས་ཁུལ་གཞན་གྱི་དགེ་འདུན་པ་རྣམས་བོད་རང་སྐྱོང་ལྗོངས་ཟེར་བ་ནས་ཕྱིར་ཕུད་དང་། ལྷ་སར་མཆོད་མཇལ་དང་གནས་སྐོར་ཡོང་མཁན་བོད་མི་ཚོར་དམ་དྲག་དང་སུན་གཙེར་བཟོ་བཞིན་ཡོད་པ་རེད།
འབྲེལ་ཡོད་བོད་མི་གཞན་ཞིག་གིས། དེ་སྔ་ལྷ་སར་ཡོང་བར་ཐོབ་ཐང་ལག་འཁྱེར་ཙམ་ལས་མི་དགོས་པ་དང་། རྒྱ་རིགས་ཡིན་ཚེ་མུ་མཐུད་དུ་ཐོབ་ཐང་ལག་འཁྱེར་ཡོད་ན་ལྷ་སར་འགྲོ་བསྐྱོད་ཆོག་པ་དང་། བོད་པ་ཚོར་དམིགས་བསལ་དམ་དྲག་དང་། ལྷག་པར་དུ་ཆབ་སྲིད་དང་འབྲེལ་བའི་དོགས་གཞི་ཅན་ཚོར་ས་གནས་སྲིད་གཞུང་ནས་ཆོག་མཆན་སྤྲོད་རྒྱུ་དཀའ་ལས་ཁག་པོ་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།
དེའི་ཐད་སི་པན་དུ་གནས་སྡོད་བོད་རྒྱའི་གནད་དོན་དབྱེ་ཞིབ་པ་སངས་རྒྱས་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་གཞན་གྱི་བོད་པ་ཚོ་ལྷ་སར་ཡོང་བར་བཀག་བསྡོམས་འདྲ་མིན་བྱེད་བཞིན་པའི་དམིགས་ཡུལ་གཙོ་བོ་བོད་པ་ཚོས་ཕན་ཚུན་འབྲེལ་འདྲིས་མི་ཐུབ་ཐབས་ཤིག་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ལོ་ལྟར་བོད་ནང་དུ་བོད་ཀྱི་ས་ཁུལ་གཞན་ནས་ལྷ་སར་ཇོ་བོར་མཆོད་མཇལ་དང་། ལྷ་ས་གཙོས་ཉེ་འཁོར་དགོན་སྡེ་ཁག་ཏུ་གནས་མཇལ་བ་ཕོན་ཆེན་འགྲོ་སྲོལ་ཡོད་པ་རེད་ལ། ལྷག་པར་དུ་མདོ་སྟོད་སྨད་གཉིས་ནས་བོད་མི་ཚོ་ལྷ་སར་རྐང་ཐང་དང་རྐྱང་ཕྱག་འཚལ་ནས་འགྲོ་མཁན་མང་པོ་ཡོད། དེང་སྐབས་ལྷ་སར་མང་ཆེ་བ་གནམ་གྲུ་དང་མེ་འཁོར་སོགས་ནས་འགྲོ་བསྐྱོད་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་གཞན་ནས་ལྷ་སར་ཡོང་མཁན་ཚོར་དམིགས་བསལ་དོགས་གཞི་དང་ཞིབ་བཤེར། ལྷ་སའི་དགོན་སྡེ་ཁག་ཏུ་མདོ་སྟོད་སྨད་ནས་སློབ་གཉེར་ཆེད་ཡོང་སྲོལ་དེ་ཡང་དེང་སྐབས་རྩ་བ་ནས་མེད་པར་བཏང་ཡོད་པ་རེད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།