མདོ་ལྷོ་ཕྱོགས་སུ་བོད་མི་མང་པོས་དུ་ཆང་ལ་མི་སྤྱོད་པ་དང་ཤོ་སྦག་རྒྱན་རྩེད་བཅད་འདུག


2018.01.17
མདོ་སྨད་མདོ་ལྷོ་གཙོས་ཕྱོགས་སུ། ༢༠༡༨།༡།༩ མདོ་སྨད་མདོ་ལྷོ་གཙོས་ཕྱོགས་སུ། ༢༠༡༨།༡།༩
བོད་འབྱོར།

མདོ་སྨད་མདོ་ལྷོ་ཕྱོགས་སུ་བོད་མི་མང་པོས་དུ་ཆང་ལ་མི་སྤྱོད་པ་དང་། ཤོ་སྦག་རྒྱན་རྩེད་གཅོད་པའི་ལས་འགུལ་སྤེལ་འདུག
ཕྱི་ལོ་ ༢༠༡༨ ་ཟླ་ ༡ ་ཚེས་ ༩ ་ཉིན་མདོ་སྨད་ཀན་སུའུ་ཞིང་ཆེན་མདོ་ལྷོ་གཙོས་དགའ་ལྡན་ཆོས་གླིང་དགོན་པའི་འདུ་ཁང་ཆེན་མོའི་རྟེན་གྱི་དྲུང་དུ།  གཙོས་ཡུལ་གྲུའི་ཚོ་བ་ཉེར་གཅིག་གི་ཁྱིམ་ཚང་ ༡༠༠༠ ་ཙམ་གྱི་ལོ་བཅོ་ལྔ་ཡན་ཆད་དང་ལོ་བདུན་བཅུའི་མན་ཆད་གྱི་ཁྱིམ་པ་ཚོས་ཆང་ལ་མི་སྤྱོད་པ་དང་། ཤོ་སྦག་རྒྱན་རྩེད་སྤོང་རྒྱུའི་ལས་འགུལ་སྤེལ་འདུག
ས་གནས་བོད་མི་ཞིག་གིས་བརྗོད་པར་གཞིགས་ན།  གནས་ཚུལ་འདི་ནི་ཕྱི་ཟླ་ ༡ ཚེས་ ༩ ཉིན་གཙོད་དགའ་ལྡན་ཆོས་གླིང་དགོན་གྱི་ཨ་ལགས་བསེ་ཚང་ངམ། བསེ་མཆོག་སྤྲུལ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་དཔལ་བཟང་པོ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་གྱ་སྟོན་སྐབས་མང་ཚོགས་ལ་བཀའ་སློབ་གནང་རྗེས་ཁོང་སྐུ་ཚེ་བསྟན་པ་དང་ཐུགས་དགོངས་གྲུབ་པའི་ཆེད་མང་ཚོགས་ཀྱི་ལས་འགུལ་འདི་སྤེལ་བ་ཞིག་ཡིན་འདུག་ཅིང་།  ཨ་ལགས་བསེ་ཚང་མཆོག་གིས་དེ་སྔོན་ཕྱི་ལོ་༢༠༡༤་ལོའི་ཟླ་༦ཚེས་༩ ་ཉིན་མདོ་སྨད་ཀན་ལྷོ་གཙོད་ས་ཁུལ་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་སྐབས། གངས་ཅན་གྱི་ལྗོངས་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དངོས་ཡིན་པས། བོད་མི་ཚོས་དུས་རྒྱུན་འཚོ་བའི་ཁྲོད་མ་ཎི་ཡི་གེ་དྲུག་པ་ཆག་མེད་དུ་འདོན་པ་དང་།  དཀར་ཕྱོགས་དགེ་ལ་བརྩོན་ནས་སྡིག་པ་སྤངས་དགོས་པ། བོད་མི་རིགས་ནང་ཁུལ་མཐུན་ལམ་བྱས་ནས་འཁྲུག་འཛིང་དང་། ནང་དམེ། རྐུན་ཇག་སོགས་བྱ་སྤྱོད་ངན་པའི་རིགས་སྤངས་ནས་མི་རིགས་ཀྱི་བར་ལ་མཐུན་ལམ་བྱེད་དགོས་པ་སོགས་བཀའ་སློབ་ཀྱང་གནང་མྱོང་ཡོད་འདུག
སློབ་དཔོན་ཆེན་མོ་འམ་བསེ་མཆོག་སྤྲུལ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་དཔལ་བཟང་བོ་ནི། མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོའི་རོང་བོ་སྡེ་བདུན་དུ་གྲགས་པའི་ཡ་གྱལ་ཐེ་བུ་ཞེས་པར་ཡབ་ཕུར་བ་ཚེ་རིང་དང་། ཡུམ་ལྷ་མོ་སྐྱིད་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༩༣༨ལོའི་ཟླ་༡བོའི་ཚེས་༡༩ཉིན་སྐུ་འཁྲུངས། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་དཔལ་བཟང་བོས་སྒྲིབ་བྲལ་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ་བསེ་སྐུ་ཕྲེང་ལྔ་བ་བློ་བཟང་བཀྲ་ཤིས་འཕྲིན་ལས་རྒྱ་མཚོའི་སྤྲུལ་སྐུར་ཐུགས་ཐག་བཅད། དགུང་ལོ་བཞི་བར་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཁོངས་ཀྱི་གཏེར་ལུང་ཡིད་དགའ་ཆོས་འཛིན་གྱི་གདན་སར་བཀོད། ༡༩༥༨ ལོར་བོད་ལ་དུས་འགྱུར་བྱུང་སྐབས་རྒྱ་ནག་གི་ཁྲིམས་ལ་ཚུད་དེ་ཟི་ལིང་དུ་བསྐྱལ། ༡༩༦༢ལོའི་སྤྱི་ཟླ་༩བར་བཙོན་གྲོལ་ཐོབ་སྟེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས། ༡༩༦༦ལོར་རིག་གསར་གྱི་འགོ་ལངས་པ་དང་སླར་བཙོན་དུ་བཅུག ༡༩༦༨ལོར་བཀས་བཀོད་རྒྱུད་འཛིན་གྱི་ཞྭ་མོ་བསྐོན་ནས་བསང་ཆུའི་བང་གུར་ཐང་ཞང་གི་དགའ་ཕུག་སྡེ་གྲོང་དུ་ངལ་རྩོལ་བསྒྱུར་བཀོད་བྱེད་པར་མངགས་ཏེ་ལོ་བཅུ་གཅིག་ལ་བཞུགས། ༡༩༧༩ ལོར་དཀར་འདོན་གནང་སྟེ་ཁུལ་ཀན་ལྷོའི་མི་རིགས་སློབ་གྲྭའི་དགེ་རྒན་དུ་གདན་དྲངས་རྗེས། སློབ་ཁྲིད་ཀྱི་ཞོར་དུ་སྙན་འགྲེལ་ཚངས་སྲས་བཞད་སྒྲ་ལྗགས་རྩོམ་གནང་། ༡༩༨༥ལོར་གཙོས་མི་རིགས་དགེ་འོས་ཆེད་གཉེར་སློབ་གྲྭ་གསར་དུ་བཙུགས་ཏེ་སློབ་གྲྭའི་སློབ་སྤྱི་གཞོན་པར་བསྐོས། དེ་ནས་བོད་མི་རིགས་ཀྱི་སློབ་གསོའི་ལས་དོན་ཐོག་ཚང་མས་ཆེས་མཐོང་བྱེད་སའི་མཛད་རྗེས་ཆེན་པོ་བཞག་ཡོད།
ད་ལྟ་ཀན་སུའུ་གཙོས་མི་རིགས་དགེ་འོས་མཐོ་རིམ་ཆེད་གཉེར་སློབ་གྲྭའི་སློབ་སྤྱི་གཞོན་པ་དང་སློབ་དཔོན་ཆེན་མོ། སྲིད་གྲོས་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཀྱི་རྒྱུན་ཨུ། སྲིད་གྲོས་ཁུལ་ཀན་ལྷོའི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཞེས་བའི་ལས་འཛིན་པ། ཀན་སུའུ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་སྤྱི་གཞོན་པ། ཀན་སུའུ་དམངས་སྲོལ་ཞིབ་འཇུག་ཚོགས་པའི་ཚོགས་སྤྱི་གཞོན་པ། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གདན་ཞུའི་ཞིབ་འཇུག་པ་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གདན་ཞུས་སློབ་དཔོན་ཆེན་མོ་སོགས་ཀྱི་འགན་ཞེས་མུས་ཐོག་གཙོད་མི་རིགས་དགེ་འོས་མཐོ་རིམ་ཆེད་གཉེར་སློབ་གྲྭར་འཆད་རྩོད་རྩོམ་གསུམ་ལ་གཞོལ་བཞིན་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎