རང་ཁོ་ན་མ་ཡིན་པ་སྤྱི་ཚོཊ་ལ་འགན་ཁུར་ཐུབ་པའི་བཟང་སྤྱོད་དགོས། ༧གོང་ས་མཆོག་གིས།
2018.04.16

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཆིག་སྟོང་ཙམ་ལ་མཇལ་ཁ་དང་བཀའ་སློབ་བསྩལ་འདུག
དེ་ཡང་ཕྱི་ཟླ་ ༤ ཚེས་ ༡༦ཉིན་༧གོང་ས་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་འཛམ་གླིང་ཡུལ་གྲུ་ ༦༩ ཙམ་ནས་ཡོང་བའི་ཡུལ་འཁོར་སྤྲོ་འཆམ་པ་ཆིག་སྟོང་ལྔ་བརྒྱ་ཙམ་ལ་མཇལ་ཁ་དང་བླང་དོར་གྱི་བཀའ་སློབ་བསྩལ་གནང་མཛད་ཅིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀུན་ཁྱབ་འགན་འཁུར་དང་ཀུན་ཁྱབ་བྱམས་བརྩེ་སྤེལ་བའི་ཐོག་ནས་ཞི་བདེའི་ཁོར་ཡུག་བསྐྲུན་ཐབས་བྱེད་དགོས་པ་དང་། ཆོས་ལུགས་ནང་ཕན་ཚུན་གུས་བརྩི་དང་མཐུན་ལམ་དགོས་པ་སོགས་བཀའ་གནང་ཞིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མིའི་གཞི་རྩའི་རང་བཞིན་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་དེང་སྐབས་ཚན་རིག་པ་ཚོས་ཀྱང་ངོས་ལེན་བྱེད་བཞིན་ཡོད་སྟབས་འཛམ་གླིང་འདི་ཞི་བདེ་ལྡན་པ་ཞིག་བཟོ་ཐུབ་པའི་རེ་བ་རྒྱག་ས་ཡོད་པ་ཞིག་ཡིན་བཀའ་གནང་ཡོད་པ་རེད།
ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། སེམས་ཁམས་རིག་པའི་གནས་ལུགས་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པས། རྒྱ་གར་གྱི་གནའ་བོའི་རིག་གཞུང་ནང་དེའི་སྐོར་ཧ་ཅང་རྒྱས་པོ་གསུངས་པ་སྤྱི་དང་བྱེ་བྲག་ཏུ་ནང་པའི་གཞུང་ལུགས་ཀྱི་ནང་སེམས་ཁམས་སྐོར་ཧ་ཅང་ཞིབ་ཚགས་པོ་གསུངས་ཡོད་པ་དེ་དག་ནི་ནང་པ་ཁོ་ནའི་ཆེད་མིན་པར་གཞན་གྱིས་ཀྱང་དེར་སློབ་སྦྱོང་དང་ཉམས་ལེན་བྱེད་འོས་པ་ཞིག་ཡིན་པ་བཀའ་གནང་འདུག
མཇལ་ཁ་བ་ཞིག་གིས་རྒྱ་ནག་སྐོར་དགོངས་བསྐོར་ཞུས་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་ནང་ནང་པ་ས་ཡ་ ༤༠༠ ཙམ་ཡོད་པར་བརྗོད་བཞིན་པ་དང་། དེའི་ནང་ནང་མང་པོ་ཞིག་བོད་བརྒྱུད་ནང་ཆོས་རྗེས་མཇུག་པ་ཡིན་པ་བརྗོད་བཞིན་འདུག་པས། ནང་པའི་རིག་གཞུང་གི་ཐོག་ནས་རྒྱ་ནག་གི་སྤྱི་ཚོགས་ལ་ཕན་ཐོགས་ཆེན་པོ་འབྱུང་སྲིད་ལ། རྒྱ་གར་ནས་དར་བའི་ནང་པའི་གཞུང་ལུགས་མང་པོ་ཞིག་བོད་སྐད་བོད་ཡིག་ཁོ་ནའི་ནང་ཞུགས་ཡོད་སྟབས། རྒྱ་མི་མང་པོ་ཞིག་གིས་བོད་ཀྱི་སྐད་ཡིག་ལ་ཡང་སྦྱང་བརྩོན་བྱེད་བཞིན་པ་གསུངས་པ་དང་སྦྲགས། ཆབ་སྲིད་ཐོག་ནས་རྒྱ་ནག་ལ་ཆ་མཚོན་ལ་འགྱུར་བ་ཧ་ཅང་གི་མང་པོ་འགྲོ་བཞིན་ཡོད་སྟབས། འབྱུང་འགྱུར་གྱི་ལོ་འགའ་ཤས་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུ་ཡིན་པ་བཀའ་གནང་འདུག་ལ། ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་གི་བོད་མིའི་ལྷག་བསམ་ལ་བསྔགས་བརྗོད་ཆེན་པོ་གནང་པ་དང་སྦྲགས། བོད་ནང་བོད་མི་ཞིག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱག་བྲིས་ཞིག་ཕུལ་བ་དེའི་ནང་། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ ༦༠ ཙམ་གྱི་རིང་བོད་མིའི་བློ་ཁ་བསྒྱུར་ཐབས་བྱས་ཡོད་ཀྱང་དེ་དོན་བྱུང་མེད་པ་དང་། ད་ཆ་བོད་མི་ཚོས་ནང་ཆོས་ཀྱི་ཐོག་ནས་རྒྱ་མིའི་བློ་ཁ་བསྒྱུར་ཐུབ་རྒྱུ་ཡིན་པ་བརྗོད་པ་ལུང་འདྲེན་གནང་ཞིང་། བོད་མི་ཚོས་རྒྱ་ནག་ནས་ཁ་བྲལ་རྩོད་ཀྱི་མེད་པ་གསལ་བཤད་གནང་འདུག
ད་རེས་ཀྱི་མཇལ་ཁ་འདིའི་སྐབས་ཨེ་ཤི་ཡ་དང་ཨ་མི་རི་ཀ། ཡོ་རོབ་དང་ཨཧྥ་རི་ཀ། ཨོསི་ཊརེ་ལི་ཡ་སོགས་ཁྱོན་རྒྱལ་ཁབ་ ༦༩ ཙམ་གྱི་མི་རིགས་ཡོད་འདུག་ཅིང་། བཞུགས་སྒར་རྡ་རམ་ས་ལར་ཡོང་མཁན་གྱི་ཡུལ་འཁོར་སྤྲོ་འཆམ་པ་མང་པོ་ཞིག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་གསུང་ཐོས་འབྱུང་རྒྱུར་རེ་བ་ཆེན་པོ་བྱེད་ཀྱི་ཡོད་སྟབས། དུས་ནས་དུས་སུ་རྡ་རམ་ས་ལར་སླེབས་པའི་ཡུལ་འཁོར་སྤྲོ་འཆམ་པ་ཚོར་མཇལ་ཁ་གནང་སྲོལ་ཡོད་པ་ཞིག་ཡིན་པ་རེད།
གསར་འགོད་པ་སྐལྡན་བློ་གྲོས།