སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཨ་རིའི་གཞུང་ཚབ་ཆེན་མོ་གཉིས་མཇལ་འཕྲད་གནང་འདུག

སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཨ་རིའི་གཞུང་ཚབ་ཆེན་མོར་འཇལ་འཕྲད་ཞུས་ནས་ཨ་རི་གཞུང་གིས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུས་འདུག
དེ་ཡང་སྤྱི་ཟླ་༧པའི་ཚེས་༢༤ཉིན་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། དོན་གཅོད་ཁང་གི་ཡོ་རོབ་ཁུལ་གྱི་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་བཅས་ཀྱིས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཨ་རིའི་གཞུང་ཚབ་པ་ལྕམ་(Michele Taylor)་ལགས་དང་མཇལ་འཕྲད་ཞུས་ནས། ཨ་རི་གཞུང་དང་། གྲོས་ཚོགས། མི་དམངས་བཅས་ནས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཆེད་སྔར་ལྷག་རྒྱབ་སྐྱོར་གནང་བ་དང་། ལྷག་པར་དུ་ཨ་རི་གཞུང་གིས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུས་འདུག་པ་མ་ཟད། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་དང་འབྲེལ། རྒྱ་ནག་གཞུང་གིས་བོད་སྐོར་ལ་གནས་ཚུལ་རྫུན་མ་སྤེལ་བཞིན་པར་ཕྱོགས་ཡོངས་ནས་གདོང་ལེན་བྱེད་རྒྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།
སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ད་དུང་དབུས་ཤར་ཡོ་རོབ་ནང་གནས་སྡོད་བོད་མི་ཚོས་ཨ་རིས་དུས་ཡུན་རིང་པོར་བོད་དོན་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་དེས་བོད་མི་ཚོས་མུ་མཐུད་དུ་བོད་ཀྱི་བདེན་པའི་འཐབ་རྩོད་བྱེད་རྒྱུར་སེམས་ཤུགས་གསར་པ་ཞིག་སྦྱིན་ཡོད་པ་སོགས་ཞུས་ཡོད་པ་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་འདུག
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།