སྲིད་སྐྱོང་མཆོག་གིས་འཛམ་གླིང་ཡུ་གུར་གྲོས་ཚོགས་བཙུགས་པའི་དུས་ཆེན་མཛད་སྒོར་གཏམ་བཤད་གནང་འདུག

དེང་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་ཅིག་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། ཕྱི་ཟླ་༤་བའི་ཚེས་༢ཉིན་སྲིད་སྐྱོང་མཆོག་གིས་ལྷོ་ཊེ་རོལ་(South Tyrol)་སྲིད་སྐྱོང་(Arno Kompastscher)་མཆོག་དང་མཇལ་འཕྲད་བཀའ་མོལ་གནང་བའི་རྗེས། ཕྱི་ཚེས་༣་ཉིན་གྱི་ཕྱི་དྲོར་འཇར་མ་ནིའི་གྲོང་ཁྱེར་(Munich)་ནང་རྒྱལ་སྤྱིའི་ཡུ་གུར་མི་རིགས་ཀྱི་འཛམ་གླིང་གྲོས་ཚོགས་སམ་(World Uyghur Congress)་གསར་འཛུགས་གནང་སྟེ་ལོ་༢༠་འཁོར་བའི་དུས་ཆེན་ཐོག་མགྲོན་འབོད་གནང་བ་ལྟར་ཕེབས་ནས་གཏམ་བཤད་གནང་འདུག གཏམ་བཤད་སྐབས་སྲིད་སྐྱོང་མཆོག་གིས་ཤར་ཏུར་ཀིསུ་ཐན་གྱི་ཡུ་གུར་མི་རིགས་དང་། སོག་པོ། ཐ་ན་མན་ཇུ་དང་བོད་མི། ཧོང་ཀོང་གི་མི་མང་། དེ་བཞིན་རྒྱ་ནག་ནང་ཡོད་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ། ཐེ་ཝན་མི་མང་བཅས་ནི་རྒྱ་ནག་གི་གདུག་རྩུབ་དྲག་གནོན་མྱོང་མཁན་དང་རྒྱ་ནག་དམར་ཤོག་ཚོགས་པའི་བྱ་སྤྱོད་དེར་ཁ་གཏད་གདོང་ལེན་བྱེད་མཁན་གཅིག་མཚུངས་ཡིན་ལུགས་དང་། གོང་ཞུས་མི་རིགས་དེ་དག་གིས་རང་དབང་འཐབ་རྩོད་ཆེད་ལས་འགུལ་སྤེལ་བཞིན་པ་ཁག་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱ་རྒྱུ་མང་པོ་ཡོད་སྐོར་གསུངས་བ་མ་ཟད། ཡོ་རོབ་མཐུན་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རིན་ཐང་ཁག་ལ་གུས་བརྩི་ཞུ་དགོས་པའི་ཁར། ཡོ་རོབ་མཐུན་ཚོགས་ཀྱིས་བོད་དང་ཡུ་གུར། ཐེ་ཝན་དང་ཧོང་ཀོང་། སོག་པོ་སོགས་ཀྱི་གནད་དོན་ཐད་དམིགས་བསལ་འབྲེལ་མཐུད་ལས་ཁང་ཞིག་ཡོ་རོབ་གྲོས་ཚོགས་ནང་འཛུགས་རྒྱུའི་བློ་སྟོབས་དགོས་པའི་སྐུལ་མ་གནང་འདུག
ད་དུང་སྲིད་སྐྱོང་མཆོག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་དྲག་གནོན་ཆེ་བའི་བཙན་གནོན་འོག་ཚུད་པའི་མི་རིགས་ཡོངས་རྫོགས་ནུས་པ་མཉམ་སྤུངས་ཀྱི་སྒོ་ནས་ཡོ་རོབ་ནང་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་དགོས་པའི་གྲོས་འགོ་བཏོན་གནང་སྐབས་དེར་འདུས་མི་མང་ཚང་མས་ཐལ་མོ་རྒྱུན་རིང་བརྡབ་ནས་དགའ་བསུ་ཞུས་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ད་རེས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ནང་གཞུང་འབྲེལ་འཚམས་གཟིགས་དེ་ཐོག་མ་སུད་སིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་བ་སོགས་སུད་སིའི་ནང་གི་གཞུང་དོན་འཚམས་གཟིགས་འགྲུབ་རྗེས་ཧྥ་རན་སི་ལ་ཕེབས་པ་དང་། སྤྱི་ཟླ་༤པའི་ཚེས་༣༠ཉིན་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་དང་ཡུན་རིང་བོད་པའི་གྲོགས་པོ་ཡིན་པ་སྐུ་ཞབས་(Andre Gattolin)་ལགས་སུ་ཧྥ་རན་སིའི་སྲིད་འཛིན་ཕོ་བྲང་དུ་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་ཕུལ་བའི་མཛད་སྒོའི་སྐབས་སུ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་ཧྥ་རན་སིའི་སྲིད་འཛིན་(Emmanuel Macron)་མཆོག་དང་མཇལ་འཕྲད་ཀྱི་གོ་སྐབས་བྱུང་སྐབས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཧྥ་རན་སིའི་སྲིད་འཛིན་རྣམ་གཉིས་དེ་སྔ་༢༠༡༦ལོའི་སྤྱི་༩བའི་ཚེས་༡༢་ཉིན་མཇལ་འཕྲད་གནང་བའི་སྐབས་ཀྱི་སྐུ་པར་ཐོག་༧གོང་ས་མཆོག་གི་མཚན་རྟགས་བསྐྱོན་གནང་ཡོད་པ་ཞིག་ཕུལ་བ་དང་མཉམ་སྲིད་སྐྱོང་མཆོག་གིས་སྲིད་འཛིན་མཆོག་ལ་བོད་དོན་མ་བརྗེད་པར་ཐུགས་སྣང་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་(Brussels)་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།