རྒྱ་ནག་དང་མཉམ་དུ་བཞག་པའི་གན་རྒྱ་ཕྱིར་འཐེན་ཡོང་བའི་འབོད་སྐུལ་ལས་འགུལ་སྤེལ་བཞིན་འདུག

དེ་ཡང་(Thermo Fisher)་ཚན་རྩལ་ཁེ་གཉེར་ཁང་གིས་རྒྱ་ནག་དང་མཉམ་དུ་བཞག་པའི་གན་རྒྱ་ཕྱིར་འཐེན་གནང་དགོས་བ་རྒྱལ་སྤྱིའི་བོད་དོན་དྲ་བ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་ཁེ་གཉེར་ཁང་དེའི་དབུས་ལས་ཁུངས་དང་དེ་བཞིན་ཡོ་རོབ་ཕོ་ཅུ་གྷལ་སོགས་ཀྱི་ཡན་ལག་ལས་ཁུངས་བཅས་སུ་འབོད་སྐུལ་དང་མཉམ་བོད་དོན་ཚོགས་པ་༡༢༠ཡིས་མིང་རྟགས་བཀོད་པའི་ཞུ་ཡིག་སྤྲད་ཡོད་པ་བོད་རང་དབང་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་བསྟན་འཛིན་དབྱངས་འཛོམས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཨ་མི་རི་ཀའི་(Massachusetts)་མངའ་སྡེའི་ནང་རྟེན་གཞི་བྱས་པའི་(Thermo Fisher)་ཞེས་འབོད་པའི་ཚན་རྩལ་ཁེ་གཉེར་ཁང་དེས་རྒྱ་ནག་གཞུང་དང་མཉམ་པོར་འཕྲུལ་རིག་གི་ཚོང་འབྲེལ་གྱི་གན་རྒྱ་བཞག་ཡོད་པར་སོང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོས་ཚོགས་པ་ཁག་ཅིག་གི་འཐུས་མི་བཞི་མཉམ་དུ་ཁེ་གཉེར་ཁང་དེའི་དབུས་ལས་ཁུངས་སུ་བཅར་ནས་ཚོགས་པ་༡༢༠ཡིས་མིང་རྟགས་བཀོད་པའི་ཞུ་སྙན་ཞིག་འབྲེལ་ཡོད་ལ་ཕུལ་ཡོད་པའི་ནང་བོད་པའི་ཟུངས་ཁྲག་རྒྱུད་རྫས་རིགས་ཚོང་གི་ཆེད་དུ་མིན་པས་རྒྱ་ནག་དང་མཉམ་གན་རྒྱ་བཞག་ཡོད་པ་དེ་མཚམས་འཇོག་རོགས་ཞེས་རེ་སྐུལ་བྱས་ཡོད་པ་ལྟརྲ གཞན་འཛམ་གླིང་གི་ས་ཕྱོགས་མང་པོར་གོང་གི་ཁེ་གཉེར་ལས་ཁང་དེར་ཞུ་སྙན་ཕུལ་ནས་རེ་སྐུལ་བྱས་ཡོད་འདུག
ནོར་ཝེ་ནས་སྐྱེས་འཚར་བྱུང་པའི་བོུ་ལོ་ན་༡༥ལ་སོན་པ་རྒྱལ་རོང་སངས་རྒྱས་ཆོས་སྒྲོན་ལགས་ཀྱིས་(Thermo Fisher)་གྱིས་བོད་ནང་མི་འབོར་ཧ་ཅང་འབོར་ཆེན་གྱི་ཁྲག་རིགས་རྒྱུད་རྫས་མཁོ་སྒྲུབ་བྱེད་རྒྱུར་ལས་དོན་བསྒྲུབས་ཀྱི་ཡོད་པས། ད་བར་ལོ་༤ཡན་གྱི་བོད་མི་ས་ཡ་གཅིག་དང་གྲངས་ཆུང་༢ཀྱི་ཁྲག་རིགས་རྒྱུད་རྫས་མཁོ་སྒྲུབ་བྱས་འདུག་པས། བོད་མི་འདི་དག་གི་གནས་སྟངས་ཐད་བློ་ཚབས་ཡོད་པ་འགྲེལ་བརྗོད་གནང་འདུག
(Thermo Fisher)་ཚན་རྩལ་ཁེ་གཉེར་ཁང་གིས་མིའི་ལུས་པོར་བརྟག་དཔྱད་ཀྱི་ཡོ་ཆས་བཟོ་སྐྲུན་བྱས་ནས། རྒྱ་ནག་ལ་ཚོང་བསྒྱུར་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་ཉེན་རྟོག་པས་ཡོ་ཆས་དེ་རིགས་སྤྱད་ནས་བོད་མིའི་ལུས་སྟེང་ནས་(DNA)་ཁྲག་རིགས་རྒྱུད་རྫས་དཔེ་མཚོན་བསྡུ་ལེན་བྱེད་ཀྱི་ཡོད་པའི་སྟབས་ཀྱིས་ཁེ་གཉེར་ཚོང་ཁང་དེས་རྒྱ་ནག་དང་གན་རྒྱ་མཚམས་འཇོག་པར་ཕྱི་ཕྱོགས་ནས་འབོད་སྐུལ་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།