༸གོང་ས་མཆོག་ལ་དྭགས་ཁུལ་དུ་ཆིབས་བསྒྱུར།
2010.09.09
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ལ་དྭགས་ཁུལ་དུ་ཆུ་རུད་ཀྱིས་གོད་ཆག་འོག་རྐྱེན་འདས་སུ་གྱུར་བ་རྣམས་ལ་ཐུགས་སྨོན་མཛད་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག་༎
དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན་ ཕྱི་ཚེས་༡༣ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་རྒྱལ་ས་སླེ་རུ་ཆིབས་བསྒྱུར་བསྐྱངས་གནང་མཛད་རྒྱུ་དང་ ཉིན་འདིའི་ཉིན་རྒྱབ་ཁུལ་དེའི་ཇོ་ཁང་གཙུག་ལག་ཁང་དུ་ ཉེ་ལམ་ཁུལ་དེའི་ནང་དྲག་ཆར་བབས་པའི་རྐྱེན་ལས་ ཆུ་རུད་ཀྱི་གོད་ཆག་འོག་རྐྱེན་འདས་སུ་གྱུར་བ་རྣམས་ལ་ཐུགས་སྨོན་གསོལ་འདེབས་མཛད་རྒྱུ་མ་ཟད་ རྗེས་ཤུལ་ནང་མི་སྤུན་མཆེད་ཚོར་སེམས་གསོའི་བཀའ་སློབ་བཀྲིན་ཆེ་གནང་མཛད་རྒྱུུ་ཡིན་པ་རེད་
ཕྱོགས་མཚུངས་སྐབས་དེར་༸གོང་ས་མཆོག་ནས་ས་ཁུལ་གྱི་མང་ཚོགས་ནས་ཆུ་རུད་ཀྱི་གོད་ཆག་འོག་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་ཆེད་ཐུགས་སྨོན་གསེལ་འདེབས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱང་གནང་མཛད་རྒྱུ་ཡིན་འདུག་ ཚེས་༡༣ཉིན་གོང་ས་མཆོག་གིས་སླེ་ཁུལ་དུ་ཐུགས་སྨོན་གསོལ་འདེབས་ཀྱི་མཛད་འཕྲིན་གྲུབ་མཚམས་ཚེས་༡༤ཉིན་གྱི་སྔ་དྲོ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ ལ་དྭགས་ཀར་གིལ་མཐུན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན་ ཀར་གིལ་དུ་ཆིབས་བསྒྱུར་བསྐྱངས་སྟེ་ མང་ཚོགས་ལ་བཀའ་སློབ་བཀའ་དྲིན་སྩལ་རྒྱུ་དང་དེ་རྗེས་ཁུལ་དེའི་གྲོང་ཁྱེར་མུལ་སྦེཀ་ཏུ་ཆིབས་སྒྱུར་བསྐྱང་སྟེ་ མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་དང་ ཡང་ཕྱི་ཚེས་༡༥གྱི་སྔ་དྲོ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེའི་སྦོརྡ་ཀར་སྦུ་ཞེས་པའི་གྲོར་ཁྱེར་རུ་ཆིབས་སྒྱུར་བསྐྱང་སྟེ་ སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་གནང་རྒྱུ་ཡིན་པ་བཅས་གནས་ཚུལ་ནང་བཀོད་འདུག་༎