བོད་མི་མང་ཆེ་བས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད།
2011.07.12
༄༅༎ཟླ་འདིའི་ཕྱི་ཚེས་བཅུ་གཅིག་རེས་གཟའ་ཟླ་བའི་ཉིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དུ་ཆིབས་བསྒྱུར་གྱིས་བཀའ་སློབ་བསྩལ་གནང་བའི་ནང༌། མགོན་པོ་གང་ཉིད་ཀྱི་དབུ་མའི་ལམ་གྱི་ཐོག་ནས་རྒྱ་ནག་གི་ཁྲིམས་ལུགས་འོག་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཅིག་ཐོབ་རྒྱུའི་དགོངས་གཞིར། བཙན་བྱོལ་ནང་གི་བོད་མི་ན་གཞོན་ཁག་ཅིག་གིས་སྐྱོན་བརྗོད་ཞུ་མཁན་ཡོད་ཀྱང་རྒྱ་ཆེའི་མི་དམངས་མང་ཆེ་བས་རྒྱབ་སྐྱོར་ཡོད་ཅེས་བཀའ་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་འགོ་སྟོད་དུ་ཆབ་སྲིད་ཀྱི་སྐུ་དབང་ནས་ཕྱི་བཤོལ་གནང་རྒྱུའི་ཐུགས་ཐག་བཅད་གནང་བ་བཞིན། རྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ཤར་སྐྱོད་བྱ་མིན་ནི། ད་ཆ་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་གསར་པ་ཚོར་རག་ལུས་ཡོད་པ་རེད་ཅེས་དང༌། བོད་མི་མི་རབས་གསར་པ་ཚོས་ངོས་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དེ་ནི་སོ་སོའི་ལྟ་ཚུལ་དང་མི་མཐུན་པའི་དབང་གིས་སྐྱོན་བརྗོད་བྱས་པ་ཞིག་ཡིན་དུས་གནས་སྟངས་དེ་ཚོར་ང་ཚོས་གུ་ཤངས་ཀྱི་བསམ་བློ་གཏོང་ཐུབ་པ་ཞིག་རེད་། འོན་ཀྱང་བོད་ནང་གི་བོད་མི་ཚོའི་བསམ་ཚུལ་ལ་བལྟས་པ་ཡིན་ཚེ། བོད་ནང་གི་བོད་མི་ཚང་མས་དབུ་མའི་ལམ་གྱི་སྲིད་ཇུས་དེར་རྒྱབ་སྐྱོར་ཡོད་པ་རེད། དེའི་རྒྱུ་མཚན་ནི། ང་ཚོས་འཚེ་མེད་ཞི་བའི་ཐབས་ལམ་ལག་བསྟར་བྱེད་པ་དེ་ཡིན་ཞིང༌། ལྷག་པར་དུ་རྒྱ་ཧན་མི་རིགས་དང༌། ཤེས་ལྡན་པ། སློབ་ཕྲུག་མང་པོ་ཞིག་གིས་དབུ་མའི་ལམ་གྱི་སྲིད་ཇུས་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་ཞུ་བ་མ་ཟད། ང་ཚོར་ཡིད་སྨོན་དང་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་པའི་སྐོར་བཀའ་གནང་ཡོད་པ་རེད།།