འབར་མ་ནས་བྲོས་བྱོལ་བ་ཕྱིར་ལོག་བཏང་བར་སྐྱོན་བརྗོད།
2010.12.29
༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྟ་ལྟོགས་ཚོགས་ཆུང་གི་མགྲིན་ཚབ་པ་སྦ་སྦར་སྦ་ལོག་ནས་རོའུ་ཀྲར་གསར་འགྱུར་ལས་ཁང་ལ་འགྲེལ་བརྗོད་བྱས་པ་ལྟར་ན། འབར་མའི་ནང་གི་གྲངས་ཉུང་མི་རིགས་ལྷོ་ཤར་ཁུལ་གནས་སྡོད་ཀ་རན་མི་རིགས་ཁག་ཅིག་དང་གཞུང་གི་དམག་མིའི་དབར་འཁོན་འཁྲུག་བྱུང་ནས་ཐའེ་ལན་དྲིའི་ས་མཚམས་བརྒྱུད་བྲོས་བྱོལ་དུ་ཡོང་མཁན་བུད་མེད་ལྔ་བཅུ་དང་། ཕྲུ་གུ་བདུན་བཅུ། སྐྱེས་པ་བཞི་བཅུ་ཞེ་དྲུག་བཅས་ཕྱིར་ལོག་བཏང་ཡོད་པ་རེད། ཁོང་ཚོ་འཁོན་འཁྲུག་མཚམས་འཇོག་བྱས་པའི་རྗེས་སུ་རང་འགུལ་གྱི་ཕྱིར་ལོག་བཏང་བ་ལས་ལམ་སེང་ཕྱིར་ལོག་བཏང་བ་དེ་མ་འགྲིགས་པ་རེད་ཅེས་གསུངས་ཡོད་པ་རེད། འོན་ཀྱང་རོའུ་ཀྲར་གསར་འགྱུར་ལས་ཁང་ནས་གནས་ཚུལ་འདིའི་ཐོག་ཐའེ་ལན་དྲིའི་གཞུང་གི་འབྲེལ་ཡོད་ལ་འབྲེལ་གཏུགས་བྱས་ཀྱང་ལན་གསལ་གང་ཡང་སྤྲད་མེད་པའི་སྐོར་བཀོད་འདུག
སྤྱིར་བཏང་འབར་མའི་ནང་གྲངས་ཉུང་མི་རིགས་ཀ་རན་ཞེས་པའི་གྲངས་ཚད་ཆིག་འབུམ་ལྔ་ཁྲི་ལྷག་ཙམ་ཡུལ་གཉིས་ཀྱི་ས་མཚམས་སུ་གནས་སྡོད་བྱེད་མུས་ཡིན་པ་དང་ཕྱི་ལོ་༢༠༠༩ལོར་ཐའེ་ལན་དྲིའི་ནང་ཀ་རན་མི་རིགས་གསུམ་སྟོང་ཙམ་སིམ་འཛུལ་བྱས་ཡོད་པ་རེད། ཡིན་ནའང་འདས་པའི་ཟླ་བ་འགའ་ཤས་ནང་ཐའེ་ལན་དྲིའི་གཞུང་ནས་ཕྱིར་ལོག་བྱས་པའི་གནས་ཚུལ་རིགས་བྱུང་ཡོད་སྟབས་མཉམ་འབྲེལ་རྒྱལ་ཚོགས་ནས་དེ་དག་གི་ཐོག་ཐུགས་འཚབ་ཡོད་པའི་སྐོར་གསུངས་ཡོད་པ་རེད།