༧གོང་ས་མཆོག་ནི་ནང་པ་ཚོར་སངས་རྒྱས་ལྟ་བུ་དང་འཛམ་གླིང་སྤྱིར་ཞི་བདེའི་དེད་དཔོན་ཞིག་རེད། ཐཡེ་ལེནཌའི་མཇལ་བཅར་ཞིག་གིས།
2019.03.04
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཐཡེ་ལེནཌའི་གནས་ཡོད་མི་སྣ་ཁག་ཅིག་དང་བལ་ཡུལ་ས་མཚམས་བཙུན་དང་གློ་ནས་ཡིན་པ་ཁག་ཅིག་ལ་མཇལ་ཁ་སྩལ་གནང་འདུག
ཕྱི་ཟླ་ ༣ ཚེས་ ༤ ཉིན་ཐཡེ་ལེནཌ་ནས་ཆེད་དུ་བཅར་བའི་གཞུང་གི་དཔོན་རིགས་དང་སྨན་པ། ཁྲིམས་རྩོད་པ་དང་སྤྱི་ཚོགས་ཞབས་ཞུ་བ་སོགས་སྤྱི་ཚོགས་ཀྱི་སྡེ་ཁག་འདྲ་མིན་གྱི་མི་སྣ་འདུས་པའི་ཚོགས་སྡེ་ཞིག་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་སྩལ་གནང་མཛད་ཅིང་། མཇལ་ཁ་གྲུབ་མཚམས་ཚོགས་པ་དེའི་འབྲེལ་མཐུད་པ་ཌོཀཀ་ཊར་ཨ་མི་ནི་ཏ་ཅཱ་ཅ་ན་ལགས་ཀྱིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆག་ནི་འཛམ་གླིང་གི་ཞི་བདེའི་དད་དཔོན་ཞིག་ཡིན་ལ། ཁོང་ནི་ང་ཚོ་ནང་པ་ཚོར་སངས་རྒྱས་བཅོམ་ལྡན་འདས་དངོས་ལྟ་བུ་རེད་ཅེས་དང་། ཁོང་གི་གསུང་ཆོས་དང་བཀའ་སློབ་དེ་ཚོ་བརྒྱུད་ནས་ང་ཚོ་ནང་པ་ཙམ་དུ་མ་ཟད་འཛམ་གླིང་མི་མང་སྤྱི་ལ་ཕན་ཐོག་ཡོད་པ་ཞིག་རེད་ལ། ང་ཚོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པ་འདི་ཧ་ལས་པས་དགའ་ཚོར་བྱུང་ཅེས་གསུངས་འདུག
ཡང་ཕྱི་ཚེས་ ༤ ཉིན་བོད་རིགས་མ་ཡིན་པའི་ནང་པའི་ཡུལ་གྲུ་གཞན་ཁག་ལ་ཡང་མཇལ་ཁ་སྩལ་སོན་བྱུང་བའི་ཁོངས་སུ་བོད་དང་ས་ཐག་ཉེ་བའི་བལ་ཡུལ་ས་མཚམས་བཙུན་ནས་ཡིན་པའི་མི་གྲངས་སུམ་བཅུ་བརྒལ་བ་ཞིག་ཀྱང་ཡོད་འདུག་ཅིང་། ཚོགས་པ་དེའི་སྣེ་ཁྲིད་པ་བཙུན་བླ་བྲང་གདུང་སྲས་བླ་མ་པ་སངས་ཕུན་ཚོགས་ལགས་ཀྱིས། ཁོང་རྣམས་བོད་སྐྱིད་གྲོང་རྫོང་ས་མཚམས་ནས་ཡིན་ཅིང་བལ་ཡུལ་རྒྱལ་ས་ནས་ཉི་མ་གཅིག་མོ་ཊ་དང་དེ་ནས་ཉིན་བཞི་གོམ་པ་རྒྱབ་ནས་ཁྱོན་ཉིན་ལྔ་འགྲོ་དགོས་པ་དང་ད་རེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པ་འདི་ང་ཚོ་ཚང་མ་ཧ་ལས་པས་སྐལ་བ་བཟང་པོ་བྱུང་སོང་ཅེས་དང་། ད་དུང་ཁོང་གིས་ཁོང་ཚོའི་ལུང་པའི་ནང་སེམས་ཅན་གྱི་སྲོག་གཅོད་མི་ཆོག་པ་བཟོས་ནས་ལོ་ངོ་བརྒྱ་འཁོར་ལ་ཉེ་བ་དང་ད་དུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་ཧུར་ཐག་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་འདུག
དེ་བཞིན་བལ་ཡུལ་གློ་ཕྱོགས་ནས་ཡིན་པའི་མཇལ་ཞུ་བ་༡༡་ཡོད་པའི་ཁོང་ནས་བོུ་པ་སངས་ལྷ་མོ་ལགས་ཀྱིས། ད་རེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་ཐོབ་པ་འདི་ནི་ཁོང་གི་མི་ཚེའི་ནང་གི་མངོན་འདོད་ཆེ་ཤོས་དེ་གྲུབ་པ་ཞིག་ཡིན་པ་གསུངས་ཡོད་པ་རེད།
ང་ཚོ་ཚང་མའི་མི་ཚེའི་ནང་གི་མངོན་འདོད་ཆེ་ཤོས་ཤིག་འགྲུབ་སོང་ཞེས་མྱོང་ཚོར་བརྗོད་བྱུང་།