སྐྱབས་བཅོལ་སྡོད་སྒར་ཁག་ནང་གསར་སྐྱེས་བྱིས་པ་མང་པོར་དཀའ་ངལ་ཡོད་འདུག
2018.01.05
མའན་མར་ནས་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་དྷེ་ཤེ་རུ་བྲོས་བྱོལ་དུ་ཕྱིན་པའི་རོ་ཧིན་ཇ་ཁ་ཆེའི་མི་རིགས་ཀྱི་སྐྱབས་བཅོལ་སྡོད་སྒར་ཁག་ནང་གསར་སྐྱེས་བྱིས་པ་ ༤༨༠༠༠ ་ཙམ་ཡོད་པ་ཁུལ་དེའི་རོགས་སྐྱོར་ཚོགས་པ་ཞིག་ནས་བརྗོད་འདུག
དེ་ཡང་སྔར་ལོའི་ཕྱི་ཟླ་ ༨ ་པའི་ཟླ་དཀྱིལ་ཙམ་ནས་བཟུང་མའན་མར་གཞུང་གིས་ཡུལ་དེའི་ནུབ་བྱང་ (Rakhine) ་མངའ་སྡེའི་ནང་ཡོད་པའི་རོ་ཧིན་ཇ་ཁ་ཆེའི་མི་རིགས་ཚོའི་ཐོག་དྲག་གནོན་ཤུགས་ཆེ་བྱས་པའི་རྐྱེན་གྱིས། རོ་ཧིན་ཇ་མི་རིགས་དྲུག་འབུམ་ལྔ་ཁྲི་ཙམ་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་དྷེ་ཤི་རུ་བྲོས་བྱོལ་གྱིས་སྐྱབས་བཅོལ་སྡོད་སྒར་ཁག་གི་ནང་ཧ་ཅང་དཀའ་ངལ་ཆེན་པོའི་ངང་གནས་བཞིན་ཡོད་པ་མ་ཟད། ཁུལ་དེ་དག་ལ་རོགས་སྐྱོར་བྱེད་མཁན་ཚོགས་པ་ཞིག་ནས་ཚོད་རྩིས་བྱེད་པར་ལྟར་ན། སྐྱབས་བཅོལ་སྡོད་སྒར་ཁག་གི་ནང་ཉུང་མཐར་བྱིས་པ་ ༤༨༠༠༠ ་ཙམ་གསར་ཏུ་སྐྱེས་ཡོད་པ་རེད་འདུག
ཕྱི་ཚེས་ ༥ ་ཉིན་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཞིག་གིས། བྱིས་པ་དེ་དག་འཕྲོད་བསྟེན་གྱི་མཐུན་རྐྱེན་ཧ་ཅང་ཞན་པའི་སྐྱབས་བཅོལ་བསྡོད་སྒར་ཁག་ནས་སྐྱེས་སྟབས། འཚོ་བཅུད་མི་འདངས་པ་དང་། ནད་རིགས་འདྲ་མིན་ཕོག་ཀྱི་ཡོད་པའི་རྐྱེན་གྱིས་མང་ཆེ་བ་ལོ་ ༥ མ་ཟིན་གོང་འཆི་སྐྱོན་ཤོར་གྱི་ཡོད་པ་བརྗོད་འདུག
དེ་བཞིན་རོ་ཧིན་ཇ་ཁ་ཆེའི་མི་རིགས་ཀྱི་སྐྱབས་བཅོལ་སྡོད་སྒར་ཁུལ་དུ་ལས་ཀ་བྱེད་མཁན་བྷང་ལ་དྷེ་ཤིའི་སྲིད་གཞུང་གིས་གཙུག་པའི་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་འགན་འཛིན་གཞོན་པ་ (Priton Kumar Chowdhury) ཡིས། ང་ཚོའི་ངོས་ནས་བཤད་ན་འདི་ནི་ཆེས་འཇིགས་སུ་རུང་བའི་གོད་ཆགས་ཤིག་རེད། ངའི་ཀླད་པའི་ནང་དཀའ་ངལ་འདི་དག་འདི་ལྟར་སེལ་དགོས་མིན་བསམ་བློ་ཁོར་ཐུབ་ཀྱི་མི་འདུག་ཅེས་ཨུ་ཐུག་གིས་བརྗོད་འདུག་ལ། ད་དུང་ཁོང་གི་སྡེ་ཚན་དེས་ད་བར་སྐྱབས་བཅོལ་སྡོད་སྒར་ཁག་ནང་མ་མཐར་བྱིས་པ་ད་ཕྲུག་ ༣༦༠༠༠ ་ཙམ་ཡོད་པ་གཏན་འཁེལ་བརྗོད་ཐུབ་སྐོར་གསུང་འདུག
རྒྱལ་སྤྱིའི་གཞུང་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་མའན་མར་རྒྱལ་ཁབ་ཐོག་གནོན་ཤུགས་སྤྲད་ནས་སྐྱབས་བཅོལ་བ་དེ་དག་རང་ཡུལ་དུ་ཕྱིར་ལོག་ཆོག་པའི་གནས་སྟངས་བསྐྲུན་དགོས་པ་བརྗོད་ཀྱི་ཡོད་ལ། བྷང་ལ་དྷེ་ཤི་དང་མའན་མར་གཞུང་གཉིས་བར་སྐྱབས་བཅོལ་བ་དེ་དག་ཕྱིར་སློག་བྱ་ཕྱོགས་ཐད་གྲོས་མཐུན་ཞིག་ཀྱང་བཞག་ཡོད་ཀྱང་ལག་ལེན་ཐུབ་མིན་ད་དུང་ཐེ་ཚོམ་ཡིན་པ་རེད།
གསར་འགོད་པ་བསོད་ནམས་ལྷ་མོ།