དབུ་འཛིན་གསར་པའི་ཐུགས་རེ།


2013.05.15
བོད་སྐད་སྡེ་ཚན་གྱི་དབུ་འཛིན་གསར་པ་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གིས་ལས་བྱེད་རྣམས་ལ་བཀའ་སློབ་གནང་བ།
སྒྲོལ་མ་ཆོས་འཛོམས།

༄༅།།བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གིས་ཟླ་བ་འདིའི་ཚེས་༡༣ནས་དབུ་འཛུགས་ཐོག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་དབུ་འཛིན་གྱི་ཐུགས་འགན་བཞེས་འགོ་བཙུགས་ཡོད་པ་ལྟར།    དེ་རིང་ཕྱི་ཚེས་༡༥ཉིན་བོད་སྐད་སྡེ་ཚན་གྱི་ལས་བྱེད་རྣམ་པ་ལྷན་འཛོམས་ཐོགལས་འཁུར་གཙང་བཞེས་ཀྱི་རྟེན་འབྲེལ་མཛད་སྒོ་ཞིག་གནང་ཡོད་པ་རེད།    མཛད་སྒོ་དེའི་ཐོག་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་པ་དང་འབྲེལ།བར་བརྒལ་དབུ་འཛིན་འབེན་པ་སྟོབས་རྒྱལ་ལགས་དང་།དབུ་འཛིན་གཞོན་པ་ལས་ཐོག་ཀརྨ་རྡོ་རྗེ་ལགས་རྣམ་གཉིས་ནས་ཕེབས་བསུའི་གསུང་བཤད་གནང་ཡོད་པ་རེད།དེ་རྗེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནང་ལས་བྱེད་༤༠ཙམ་ཡོད་པ་རྣམས་ནས་རང་རང་སོ་སོའི་མཚན་དང་ལས་དོན་ཇི་གནང་གི་ཐོག་ངོ་སྤྲོད་སྙན་སེང་ཞུས་ཡོད་པ་རེད།དབུ་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གིས་ལས་བྱེད་ཚོར་གནང་བའི་ཐོག་མའི་གཏམ་བཤད་ཀྱི་ནང་།ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འཛིན་སྐྱོང་གི་གནད་ཡོད་མི་སྣ་ཚོས་བོད་སྐད་སྡེ་ཚན་གྱི་ལས་བྱེད་རྣམ་པའི་ལས་དོན་དང་ལྷག་བསམ་ལ་བསྔགས་བརྗོད་གནང་གི་ཡོད་པར་རྗེས་སུ་ཡིད་རངས་ཞུས་གནང་བ་དང་འབྲེལ།རླུང་འཕྲིན་ཁང་འདིའི་ནང་སྐད་ཡིག་གཞན་ཁག་བརྒྱད་ཡོད་པ་ཚོ་དང་བསྡུར་ན།    ཕྱོགས་གང་ཐད་ནས་གནས་ཚད་མཐོ་བ་ཡོད་པ་ཞིག་བཟོ་དགོས་པའི་ལམ་སྟོན་གནང་སོང་།ཁོང་གིས་ད་དུང་།བོད་སྐད་སྡེ་ཚན་ནང་ཡོད་པའི་ལས་བྱེད་རྣམས་ནས་གང་ཐུབ་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་སྤྱི་ཡོངས་ཀྱི་ལས་བྱེད་ཆེ་འབྲིང་ཆུང་གསུམ་དང་མཉམ་དུ་འབྲེལ་ལམ་བཟང་པོ་དགོས་པ་གལ་ཆེན་པོ་ཡིན་པའི་ལམ་སྟོན་གནང་སོང་།    ཡང་ལས་བྱེད་རྣམ་པའི་གླ་ཕོགས་མི་མང་གི་ཁྲལ་གྱི་ཐོག་ནས་སླེབས་པ་ཞིག་ཡིན་པ་དེ་མཁྱེན་པའི་ཐོག་རྒྱུན་གཏན་གྱི་ཕྱག་ལས་ལྷག་བསམ་རྣམ་དག་གནང་དགོས་པའི་ལམ་སྟོན་ཡང་གནང་སོང་།དབུ་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གིས་ད་དུང་།རླུང་འཕྲིན་གྱི་ལས་རིམ་དེ་མི་བྱེ་བྲག་པ་ཁ་ཤས་མ་ཡིན་པར།    མི་མང་འཕོན་ཆེན་པོ་ཞིག་གི་ནང་ཁྱབ་འཕེལ་འགྲོ་ཡི་ཡོད་དུས། གནད་དོན་སྤྱི་དང་ཚིག་རེ་གཉིས་ཀྱི་བེད་སྤྱོད་བྱེད་སྟངས་ཐོག་ལའང་གཟབ་གཟབ་བྱེད་དགོས་པའི་བཀའ་སློབ་ནན་པོ་ཕེབས་སོང་།མཐའ་བསྡོམས་སུ་ལས་བྱེད་ཡོངས་ནས་དགའ་བསུའི་ཐལ་སྒྲ་སྒྲོག་བཞིན་བོད་སྐད་སྡེ་ཚན་གྱི་དབུ་འཛིན་གསར་པར་ཕེབས་བསུ་ཞུས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎